R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩བ
[A:༥༩བ]བྱེད་པར་གྲགས་པས་སོ་སྙམ་ན་གྲགས་པ་ཙམ་གྱི་རྗེས་སུ་འབྲངས་ཏེ་དགག་བསྒྲུབ་བྱས་པའི་ཕྱིར་རང་ཉིད་དཔྱོད་ལྡན་མ་ཡིན་པར་བསྒྲུབ་པའོ། །གཉིས་པ་ནི། འོ་ན་རབ་བྱུང་གི་དཔའ་བོའི་སྟོན་མོ་བྱར་རུང་ན། དེས་ཚོགས་འཁོར་གྱི་དབྱེ་བ་བཤད་པས་ཁྱེད་ལ་འགལ་ལོ་སྙམ་ན་མི་འགལ་ཏེ། ལྗོན་ཤིང་ལས་དཔའ་བོའི་སྟོན་མོ་ཚོགས་འཁོར་གྱི་མིང་དོན་ལས་ཕྱེ་བའི་ཡ་གྱལ་དུ་བཤད་ཀྱང་། དབྱེ་བའི་ཡ་གྱལ་ཡིན་ན་དབྱེ་གཞི་དེ་ཡིན་མི་དགོས་ཏེ། དཔེར་ན་བདེན་གཉིས་ཀྱི་དབྱེ་གཞི་འཇིག་རྟེན་པའི་བློ་ཙམ་དང་ཤེས་བྱ་ཙམ་ཡིན་པར་བཤད་ཀྱང་། དོན་དམ་བདེན་པ་དེ་གཉིས་གང་ཡང་མ་ཡིན་པ་བཞིན་ནོ། །དེས་ན་རྗེ་བཙུན་གྱི་དབྱེ་གཞི་ཡ་གྱལ་དུ་བཤད་པ་དེ་ཐམས་ཅད་ཚོགས་འཁོར་མཚན་ཉིད་པ་ཡིན་པར་ཞལ་གྱིས་བཞེས་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་རྗེ་བཙུན་ཉིད་ཀྱིས་ཚོགས་འཁོར་ལ་རྣལ་འབྱོར་ཕོ་མོ་གཉིས་ཀ་ཚོགས་དགོས་པར་བཤད་པ་དང་ནང་འགལ་དུ་འགྱུར་བའི་ཕྱིར་དང་། དེ་གཉིས་མ་ཚོགས་ན་ཚིམ་པ་དྲུག་པ་དངོས་ཀྱང་བྱར་མེད་པས། ཚོགས་འཁོར་མཚན་ཉིད་པའི་དོན་མི་གནས་པའི་ཕྱིར། མདོར་ན་ཚོགས་འཁོར་མཚན་ཉིད་པ་དང་། རྗེས་མཐུན་པར་འཇོག་པ་ནི་ཚིམ་པ་དྲུག་པ་དངོས་སུ་བྱར་ཡོད་མེད་ཀྱི་ཁྱད་པར་ལས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ལྟར་ཡིན་པ་དེའི་ཕྱིར་ལས་རྒྱ་ལ་བརྟེན་ནས་རྫོགས་རིམ་གྱི་ཡེ་ཤེས་དངོས་སུ་བསྐྱེད་དེ། ལུས་སེམས་ལྷན་སྐྱེས་ཀྱི་བདེ་བས་ཚིམ་པར་བྱར་ནུས་པའི་རྣལ་འབྱོར་པ་ཁོ་ནས་ཚོགས་འཁོར་བྱ་བ་དང་། དེ་འདྲ་བའི་ནུས་པ་མེད་ན་ཁྱིམ་པ་རྡོར་འཛིན་ཡིན་ཡང་ཆགས་པའི་རྣམ་རྟོག་དང་བཅས་པའི་ཕྱིར། །ཐ་མལ་པའི་འཛག་བདེ་ཡིན་