R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༠བ
[A:༦༠བ]པའོ། །དང་པོ་ནི། རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཛད་པའི་བླ་ཆེན་ཆོས་རིན་དཔལ་བའི་དྲིས་ལན་དེ་ཉིད་ཀྱིས་འདིའི་ལན་ཡང་ཐེབ་པས། འདི་ལྟར་ཚོགས་འཁོར་སོགས་ཀྱི་ཞལ་ཏ་རྣམས་ལ་ཞུ་བ་མདོར་བསྡུས་ཏེ་ཕུལ་ན། ཚོགས་འཁོར་བྱེད་མཁན་གྱི་གང་ཟག་དེ་དགེ་སློང་སོགས་རབ་བྱུང་ཡིན་ནམ། རྣལ་འབྱོར་པ་ཡིན། འདི་གཉིས་ལས་མི་འདའ་ལགས། དང་པོ་ལྟར་ན་ཚོགས་རྫས་ལ་ཚིམ་ཚིམ་དུ་ལོངས་མི་སྤྱོད་པ་དེ་ཆོས་རྗེའི་དགོངས་པ་ཡིན་པ་ཁྱེད་རང་གིས་ཞལ་གྱིས་བཞེས་ཚར། དེའི་ཚེ་འོ་སྐོལ་རྣམས་ཆོས་གོས་འཛིན་པའི་རབ་བྱུང་ལགས་མོད། གཉིས་པ་ལྟར་ན་རང་རྒྱུད་ལ་ཡེ་ཤེས་རྒྱས་པའི་ཐབས་སུ་ཚོགས་འཁོར་ལྐོག་ཏུ་བྱ་བ་དང་། གདུལ་བྱ་གཞན་མ་དད་པ་བཟློག་པའི་ཕྱིར་དུ་དངོས་སུ་བྱེད་པ་གཉིས་ལས་མ་འདས། དང་པོ་ལྟར་ན་བསྐྱེད་རིམ་གྱི་ཏིང་ངེ་འཛིན་གྱིས་ཐ་མལ་གྱི་སྣང་ཞེན་འགོག་ནུས་པ་གཅིག་དགོས་པར་ཆོས་རྗེས་དཔེ་དང་བཅས་ཏེ་གསུངས། འདི་ལྟ་བུའི་ཡོན་ཏན་བདག་ལ་མེད། རང་རེའི་གསུང་ཡིན་ན་ཐ་མལ་གྱི་སྣང་ཞེན་དང་། རྫས་ལ་དག་མ་དག་གི་རྟོག་པ་མ་སྤངས་པའི་ཚོགས་འཁོར་བྱེད་མཁན་སུ་ཡོད་གསུངས་གདའ་བ། དེ་ལྟ་བུའི་ནུས་པ་ཡོད་ན་སྐྱབས་སུ་མཆི། འོན་ཀྱང་ཡོན་ཏན་འདི་ཐོབ་པར་ཞལ་གྱི་བཞེས་པའི་སྔགས་འཆང་རྣམས་ཚོགས་འཁོར་བྱེད་པའི་དྲུང་དུ། ལུག་ཤ་བཟང་པོ་གཅིག་དང་། ཁྱི་ཤ་རུལ་པ་གཅིག་ཕུལ་ན་བཟང་ངན་གྱི་རྟོག་པ་འདུག་མི་འདུག་མངོན་སུམ་གྱིས་གྲུབ་པ་མཆི། གཉིས་པ་ལྟར་ན་གཞན་གསང་སྔགས་ལ་མི་མོས་པ་བཟློག་པའི་དོན་དུ་སྐྱེ་བོ་མང་པོའི་དབུས་སུ་དྲི་ཆེན་ལ་སོགས་པའི་མ་དག་པའི་