R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༡ན
[A:༦༡ན]རྫས་རྣམས་དག་པའི་རྫས་སུ་དངོས་སུ་བསྒྱུར་ནས་གཞན་གྱི་མ་དད་པ་དངོས་སུ་བཟློག་ནུས་པའི་རྣལ་འབྱོར་པ་ཆེན་པོས་བྱེད་པར་བཤད་ཀྱི། དེ་རྣམས་མི་ནུས་ན་བྱེད་པར་མ་བཤད་གདའ། དེས་ན་བདག་གིས་ཉན་ཐོས་ཀྱི་སྒོར་ཞུགས་པ་དང་། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ལའང་སོ་ཐར་གང་རུང་གི་སྒོར་ཞུགས་པ་ཅིག་ངེས་པར་དགོས་པར་དོན་ལ་གནས་ཤིང་། རྗེ་ཡབ་སྲས་ཀྱི་གསུང་རབ་ལས་ཀྱང་འབྱུང་ལ། རྣལ་འབྱོར་པ་ཆེ་ཆུང་གཉིས་ཀའི་ཡོན་ཏན་གང་དང་ཡང་མི་ལྡན་ཞིང་། རྟེན་ཆོས་གོས་འཛིན་པར་སོང་བས་རང་གི་རྒྱུད་ཚོད་དང་མཐུན་པའི་སྤྱོད་པ་ཉམས་སུ་བླངས་པ་ལགས། ཡང་དྲུང་པའི་གསུང་ཡིག་ཏུ་ཐ་མལ་པའི་འཁྲིག་པ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་ངོ་འཕྲོད་མ་འཕྲོད་མ་གཏོགས་པ་ཁྱད་མེད་གསུངས་པ་ནི། བྱང་ཆུབ་བསྒྲུབ་པ་ལ་གེགས་བྱེད་ཀྱི་ནོར་པ་ཆེན་པོ་ལགས་པས། བདག་གི་ཞུ་ཡིག་འདི་སླེབ་ཕྱིན་ཆད་གྲུབ་མཐའ་འདི་ཞལ་ནས་འདོན་པ་ལྟ་ཞོག ཐུགས་ལའང་སྐད་ཅིག་ཙམ་ཡང་མི་འཆང་བ་ཞུ། འདིའི་རྒྱུ་མཚན་དབང་པོ་གཉིས་བྱུང་བདེ་བ་ནི། དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། དེ་ནི་བདེ་བ་ཆེ་ཉིད་དུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་ལུང་དུ་དྲངས་ནས་དགག་པ་ཡང་ཡང་མཛད་པ་མ་གཟིགས་ལགས་སམ། གྲུབ་མཐའ་འདི་མུ་སྟེགས་ཀྱི་གསང་སྔགས་པ་རྣམས་ཀྱི་འདོད་པ་ཡིན་པར་སློབ་དཔོན་མཻ་ཏྲི་པས་བཤད་པ་གདའ་ཞིང་། བོད་དུ་རྔོག་ཆོས་རྡོར་བཞེད་པ་ལ་རྗེ་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་དགག་པ་མཛད་པ་དེ་ལགས་མོད། སྤྱིར་དིང་སང་གི་སྔགས་པ་རྣམས་ཀྱི་མི་འགྱུར་བའི་བདེ་བ་དང་འཛག་པའི་