R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༡བ
[A:༦༡བ]བདེ་བ་གཉིས་ཤན་མ་ཕྱེད་པར་གདའ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ན་རྒྱུ་མི་འགྱུར་བའི་བདེ་བ་ལས་བྱུང་བས་ཁྱབ་ལགས་སོ། །ཞེས་གསུངས་པ་དེ་ཉིད་ཆོས་ཀྱི་རྗེ་མཁྱེན་རབ་དབང་ཕྱུག་གི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་པས་ཤེས་ལྡན་དག་གི་ལག་ལེན་རྒྱུད་སྡེ་དང་མཐུན་པར་བྱ་དགོས་ཀྱི། བཤེས་གཉེན་ངན་པ་གདོན་གྱིས་ཟིན་པའི་བསླབ་ཅོལ་གྱི་རྗེས་སུ་མི་འབྲངས་བ་གལ་ཆེའོ། །གཉིས་པ་ལ་གསུམ་སྟེ། ཚོགས་འཁོར་མཚན་ཉིད་པ་རྣལ་འབྱོར་པས་བྱ་དགོས་པའི་ལུང་། རབ་བྱུང་གི་བྱར་མི་རུང་བའི་ལུང་། ཚོགས་རྫས་ཀྱི་ཤ་ཆང་རྒྱུད་སྡེ་ལས་བཤད་པ་དགོས་པའི་ལུང་ངོ་། དང་པོ་ནི། འོ་ན་ཚོགས་ཀྱི་འཁོར་ལོ་མཚན་ཉིད་པ་བྱེད་པ་ལ་ངེས་པར་རྣལ་འབྱོར་པ་ནུས་པ་ཅན་དགོས་པར་གང་ནས་བཤད་ཅེ་ན། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པར། འདི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་དེ། དེ་བས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་བདུད་རྩི་ལྔ་ལ་སོགས་པ་རྣམས་བཟའ་བར་བྱ་བ་གསུངས་པ་དེ་ནི་བདེན་ཏེ། འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱི་ཡིན་གྱི། ཐ་མལ་པའི་སེམས་ཅན་རྣམས་ཀྱི་ནི་མ་ཡིན་ནོ། །གང་དག་གི་སྔགས་ཀྱིས་སྟོབས་སམ། བསམ་གཏན་གྱིས་སྦྱངས་པ་བྱས་པ་དང་། རྟོགས་པ་བྱས་པ་དང་། རབ་ཏུ་འབར་བར་བྱས་པ་དང་། བདུད་རྩིར་བྱས་པའི་དུག་རྣམས་ནི་དུག་མེད་པར་འགྱུར་བ་དང་། ཆང་རྣམས་ནི་འོ་མར་འགྱུར་བ་དང་། དུག་གི་ཆུ་ལ་སོགས་པའི་གདུག་པ་རྣམས་དང་། སེམས་ཅན་རྣམས་ལ་འཆི་བ་སྟེར་བར་བྱེད་པ་ལ་སོགས་པ་རྣམས་ནི་བཅུད་ལེན་དུ་འགྱུར་བ་དང་། རུས་པ་རྣམས་ནི་མེ་ཏོག་ཏུ་འགྱུར་བ་དང་། སོ་རྣམས་