R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༥ན
[A:༦༥ན]སློང་ལྟ་བ་དང་ཚུལ་ཁྲིམས་ལོག་པར་སྤྱོད་པ་རྣམས་ཀྱིས་ལུང་རིགས་ལྟར་སྣང་གི་སྒོ་ནས་རྩོད་པ་དག་འབྱུང་བར་ལུང་བསྟན་པའི་ཐོག་ཏུ་བབས་པས་འདི་ལྟ་བུ་སྨྲ་བ་དག རྗེ་ཐམས་ཅད་མཁྱེན་པ་འདི་ལ་ལྷག་པར་གུས་པའི་རྒྱུར་དཔྱོད་ལྡན་རྣམས་ཀྱིས་ངེས་པར་བྱའོ། །འོན་ཀྱང་དིང་སང་བསྟན་པའི་སྙིགས་མ་ཆེས་ལྷག་པར་གྱུར་པས་སྨིན་གྲོལ་གྱི་ལམ་སྟོན་ནུས་པར་ཁས་འཆེ་བ་ཕལ་ཆེར་ཞིག་ཡོངས་རྫོགས་དགེ་བསྙེན་གྱི་བསླབ་པར་བྱ་བ་ཙམ་ལ་ཡང་འཁུ་འཁྲིག་ཟ་བ་ཤས་ཆེ་བར་སྣང་བས་ཚིག་འདི་རང་གཞན་ཀུན་ལ་གཟུ་བོར་གནས་པའི་བློས་བརྟགས་ཏེ་སྨྲས་པ་ཡིན་ན། རྩོད་ཕྲེང་འདིའི་ནང་ན་འདི་ཉིད་ཁོ་ན་ལེགས་པར་བྱས་པ་ཡིན་ནོ། །སྨྲས་པ། ཆོས་ཚུལ་འདི་ལ་སྦྱངས་སྦྱངས་པའི། །བསྟན་འཛིན་གཞན་ལ་སྨོད་སྨོད་པ། །དེ་དག་རྣམས་ཀྱིས་རང་རང་གི །སྨྲ་བྱའི་གནས་ལ་ངེས་ངེས་ཀྱི། །བསྒྲུབ་བྱེད་དོན་དུ་མནའ་བོར་བས། །རང་གཞུང་ཟིན་པར་ཁས་འཆེ་བའི། །ཐོས་ཆུང་རྣམས་ཀྱིས་རང་གིས་རང་། །ལྷ་རྣམས་དགའ་བའི་གྲངས་སུ་བྱས། །གསར་ཆུང་ཡིད་སྲུབ་རིགས་ཀྱི་ཚིག །ཐུན་ཚགས་བསྡུས་པའི་སྨོད་པའི་མདའ། །ཕྱོགས་འདིར་འཕེན་བརྩོན་སྲེད་ལྡན་དེ། །འདོད་པའི་ཁྱིམ་དུ་གཉིད་བྱོས་ཤིག །ཅེས་སྨྲའོ། །ཨ་ཧོ་བཛྲ་ཛྙཱ། ཕྱོགས་ཀུན་འཕྲིན་ལས་ཟེར་གྱིས་འགེབས་ནུས་པའི། །འོད་གསལ་ཉི་ཟླའི་སྣང་བ་འདི་མེད་ན། །ཚུར་རོལ་མཐོང་བའི་སྲིན་བུ་མེ་ཁྱེར་གྱིས། །ས་གསུམ་སྣང་བྱེད་དབང་པོ་བྱ་ནུས་སམ། །སྔོན་དུས་རྟོག་གེའི་ཆང་གིས་རབ་མྱོས་པའི། །ཕྱིར་རྒོལ་གླང་པོ་སྨྱོན་པའི་དོར་སྟབས་ཀྱིས། །གསུང་ངག་མཚོ་སྐྱེས་རྩ་