[A:༦༦བ]བཤད་པ་བསྟན་ཟིན་ནས། གཉིས་པ་དེའི་དོན་བསྡུས་བཤད་པ་ནི། བརྒལ་ལན་ཚངས་པའི་རིགས་སྔགས་ཀྱི་དོན་བསྡུས་དོན་བརྒྱད་པ་ཞེས་བྱ་བ་ལས་འདི་ལྟར་འབྱུང་སྟེ། བརྒལ་ཞིང་བརྟགས་པའི་ལན་རྣམ་པར་ངེས་པ་ཚངས་པའི་རིགས་སྔགས་ཀྱི་དོན་བསྡུས་པའི་ཚིགས་སུ་བཅད་པ། རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྟོབས་ལྡན་མདའ་ལྔའི་འཇུག་པས་མ་བསྒྲིན་ཞིང་། །དྲེགས་ལྡན་ལྷ་བརྒྱའི་གཙུག་ཏུ་ངལ་གསོ་མཛད། །བྱམས་ལྡན་བདུད་རྩིའི་འཚོ་བ་ལ་དགེས་པའི། །དཔལ་ལྡན་ས་སྐྱའི་བླ་ཆེན་ཕྱག་གི་གནས། །གངས་ཅན་ལྗོངས་འདིར་ཀུན་མཁྱེན་གཉིས་པ་ཞེས། །རབ་གྲགས་རྒྱལ་བས་ལུང་བསྟན་འཁོར་ལོའི་མགོན། །མཁས་ཀུན་དགའ་བའི་མཛད་པ་བཟང་པོ་ཡིས། །སྟོན་པའི་རྒྱལ་ས་འཛིན་ཁྱོད་བསྔགས་པར་འོས། །གང་དེའི་འཕྲིན་ལས་རྙོག་བྲལ་འོ་མའི་མཚོ། །དཔྱོད་ལྡན་མང་པོའི་བསྟེན་བྱར་རྣམ་བརྟགས་པ། །ཕྱོགས་འཛིན་མུན་པའི་ཁུང་བུར་ཉལ་བྱེད་པའི། །བློ་ཆུང་བྲང་འགྲོའི་ཚོགས་ཀྱིས་སྤངས་སོ་ལོ། །རྨད་བྱུང་བརྒྱུད་པའི་བཞེད་གཞུང་དབང་གི་རྒྱལ། །སྒྲོས་ན་དབུགས་ཀྱི་དུག་ཅན་གྱིས་འཁྱུད་ན། །འཕྲིན་ལས་འོད་ཟེར་འཕྲོ་བར་མི་ནུས་པས། །ལུང་རིགས་སྔགས་འདི་གཞན་ཟེར་རིང་དུ་བྱ། །ཆགས་སྡང་དུག་མཚོ་བསྲུབ་པ་ལས་བྱུང་བའི། །ཚིག་རྩུབ་ནག་པོ་བརྩེགས་པའི་ཁ་དོག་ཙམ། །བློ་ངན་མགྲིན་པའི་རྒྱན་དུ་རེ་བ་དག །ཁོང་ཁྲོའི་མིག་མེ་འབར་བར་མ་གྱུར་ཅིག །འདི་ན་ས་སྐྱའི་ཆོས་ལུགས་ཀྱི། །རྗེས་སུ་དད་པས་འབྲངས་བ་འགའ། །ཕྲག་དོག་ཕྱོགས་འཛིན་ལྷུར་བྱས་ནས། །རང་གཞན་འབྱེད་ཕྱིར་འདི་སྐད་ལོ། །
སེམས་བསྐྱེད་བརྒྱུད་པ་མེད་