R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༧ན
[A:༦༧ན]པ་དང་། །རྗེས་བཟུང་གྲངས་ངེས་མེད་པ་དང་། །སྟ་གོན་འགྲེལ་པ་མེད་པ་དང་། །སློབ་དཔོན་གྲངས་ངེས་མེད་པ་དང་། །དབང་བསྐུར་ཡོངས་དག་མེད་པ་དང་། །ལུས་དཀྱིལ་འབྱུང་ཁུང་མེད་པ་དང་། །རྒྱས་གདབ་རིགས་མཚོན་མེད་པ་དང་། །བཟའ་བའི་དམ་ཚིག་མེད་པ་རྣམས། །ཆོས་ལྟར་བཅོས་ན་ཆོས་མིན་བྱེད། །སྨིན་པར་འདོད་ཀྱང་འདིས་མི་སྨིན། །གྲོལ་བར་འདོད་ཀྱང་གྲོལ་མི་ནུས། །ནོར་པའི་ཆོས་རྣམས་དགག་པར་བྱ། །
ཅེས་སོགས་རྒྱས་བཤད་དང་བཅས་ནས། །སྨྲ་པོ་ཉིད་ཀྱིས་ལེགས་བྱས་ལྟར། །མཚན་མ་ངན་པ་མཚོན་པའི་ཚིག །དུ་མ་ཕྲེང་དུ་དངར་བར་བྱེད། བླུན་པོ་རྣམས་ཀྱིས་གང་དྲན་གྱིས། །ཟབ་མོའི་གནས་ལ་ཅོ་འདྲི་བ། །འདི་འདྲ་འཕེལ་ན་བསྟན་པ་ལ། །གནོད་ཕྱིར་མཁས་པ་སུན་དབྱུང་འོས། །དེ་ཕྱིར་ཁོ་བོས་རྣམ་དཔྱོད་ཀྱིས། །རྒྱས་པར་ལོགས་སུ་བཀག་ཟིན་མོད། །སླར་ཡང་དེ་དོན་རྟོགས་སླའི་ཕྱིར། །ཉུང་ཞིང་གསལ་བར་འདིར་འཆད་དོ། །
དེ་ལ་རྒོལ་བ་དང་པོ་ནི། སྤྱིར་དབུ་མ་ལུགས་ཀྱི་སེམས་བསྐྱེད་འདི་ལམ་འབྲས་བརྒྱུད་པ་ལ་མེད། ཁྱད་པར་དུ་རྗེ་བཙུན་ཆེན་པོས་མཛད་པའི་སེམས་བསྐྱེད་ཀྱི་ཡི་གེ་ངོར་ཆེན་པས་སྒོ་རུམ་ནས་བརྙེད་ཟེར་བ་དེའི་སྟེང་ནས་སེམས་བསྐྱེད་བྱེད་པ་ནི་བརྒྱུད་པ་ཆད་པ་ནི་ཚིག་དེ་ཉིད་ཀྱི་ཤེས་ཤིང་། ཡི་གེ་དེའི་སྟེང་ནས་སུས་ཀྱང་བྱས་པ་མེད་ཞེས་ལམ་འབྲས་པ་ཕྱི་མ་རྣམས་ཀྱི་བརྒྱུད་པ་གྲངས་འདྲེན་པར་བྱེད་དོ། །ཞེས་སྨྲའོ། །དེའི་ལན་ནི།
རྗེ་བཙུན་མཆེད་ཀྱི་དབང་ཆུ་དང་། །མངོན་པར་རྟོགས་པ་ལྗོན་ཤིང་ལས། །དབང་བསྐུར་སྔོན་དུ་སྐྱབས་འགྲོ་དང་། །སེམས་བསྐྱེད་སྡོམ་པ་འབོགས་སོ་ཞེས། །གསུངས་པ་དེ་ལ་ལག་ལེན་ཞིག །ས་སྐྱའི་ཆོས་ན་ཡོད་དམ་མེད། །ཡོད་ན་དེ་ཡི་བརྒྱུད་པ་གང་། །མེད་ན་ཁུངས་ནས་མེད་པ་འམ། །གསར་དུ་ཆད་པ་གང་ཡིན་བརྟག །དང་པོ་ལྟར་ན་སྐུ་མཆེད་ཀྱིས།