[A:༦༧བ] །དེ་ལྟར་བཤད་པ་མིང་ཙམ་ལས། །ཉམས་ལེན་རིམ་པར་མ་བྱུང་ཕྱིར། །བྱང་ཆུབ་སེམས་མཆོག་མ་བསྐྱེད་ལ། །གསང་སྔགས་བསྟན་ན་ཕུང་ངོ་ཞེས། །རྡོ་རྗེ་འཆང་གིས་བཀག་པ་དེ། །རྗེ་བཙུན་གོང་མ་བསྒྲུབ་མཛད་དམ། །ཕྱི་མ་ལྟར་ན་དབང་ཡོད་ཀྱང་། །སྔོན་འགྲོའི་སེམས་བསྐྱེད་འཆད་དོ་ཞེས། །ཆོས་དང་མཐུན་པར་སྨྲ་ནུས་སམ། །རང་ལ་ཁྱབ་པ་བསྒྲུབ་བྱས་ནས། །ཕྱོགས་ཆོས་གཞན་ལ་སྦྱོར་རམ་ཅི། །གང་ལྟར་བྱས་ཀྱང་བྱང་ཆུབ་སེམས། །མ་བསྐྱེད་པ་ལ་དབང་བསྐུར་བའི། །ཉེས་པ་ཁྱེད་ཀྱི་ཐོག་ཏུ་བབས། །བྱེད་ན་དེ་ཡི་བརྒྱུད་པ་ཅི། །བརྒྱུད་པ་མེད་པའི་སེམས་བསྐྱེད་ཅིག །མི་འདོད་བཞིན་དུ་ཁས་ལེན་ནམ། །ཐུན་མོང་མིན་པའི་སྐྱབས་འགྲོ་དང་། །སེམས་བསྐྱེད་ཆོ་ག་བྱེད་པ་ལ། །དབུ་མའི་ལུགས་ཀྱི་སེམས་བསྐྱེད་པ། །ལམ་འབྲས་པ་ལ་མེད་དོ་ཞེས། །རྣམ་པར་དཔྱོད་ལ་འབྲེལ་ཅི་ཞིག །ཀུན་དང་ཐུན་མོང་མིན་པའི་ཆོས། །ཚད་ལྡན་བརྒྱུད་པ་གཉིས་ལྡན་ལ། །སེམས་བསྐྱེད་བརྒྱུད་པ་མེད་པ་ཞེས། །སྨོད་པར་བྱེད་པའི་སྨྲ་བའི་ལམ། །འདོད་ལྷའི་བདག་པོའི་ཕྱེ་བར་ཟད། །ཕྱོགས་ཞེན་དྲི་ལ་ཆགས་པ་ཡིས། །གནས་དོན་པད་ཚལ་མ་བརྙེད་པའི། །འཁོས་མེད་སྦྲང་བུའི་གཤོག་རྒྱང་གིས། །ཉི་ཟླ་སྒྲིབ་པར་འདོད་པ་མཚར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་དོན་ཚན་དང་པོའོ། །
རྒོལ་བ་གཉིས་པ་ལ་ནི། སློབ་མ་བརྒྱ་ཕྲག་མང་པོ་ལ་གྲངས་ངེས་མེད་པར་རྗེས་འཛིན་གྱི་ཆོ་ག་བྱེད་པ་ནི། གསང་བ་སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། ཞེས་སོགས་ཀྱི་ལུང་དང་འགལ། དབང་གི་ཆུ་བོ་ལས། དཀྱིལ་འཁོར་གཅིག་ཏུ་སློབ་མ་ཉི་ཤུ་རྩ་ལྔ་ལས་ལྷག་པ་བཟུང་བར་མི་བྱ་ཞེས་སོགས་གོང་མའི་གཞུང་དང་འགལ། རྗེས་བཟུང་