[A:༦༨ན]གྲངས་ངེས་མེད་ན་སྟ་གོན་དང་འགལ་ལ། ཡོད་པའི་ཁས་ལེན་དང་འགལ་ཏེ། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་གི་གྲངས་ངེས་ལ་ལྟོས། དབང་དུས་ཀྱི་གྲངས་ངེས་སྟ་གོན་གྱི་གྲངས་ངེས་ལ་ལྟོས་པར་སྤྱིར་རྒྱུད་ལས་གསུངས་པའི་ཕྱིར་རོ། །ཞེས་སྨྲ་བའོ། །དེའི་ལན་ནི།
རྗེས་བཟུང་སྐབས་ཀྱི་སློབ་མ་ལ། །གྲངས་ངེས་མེད་པ་མི་རུང་ན། །ཆོས་ཀྱི་རྒྱལ་པོ་འཕགས་པ་ཡི། །བརྟག་གཉིས་ཊཱིཀྐ་གསེར་སྒམ་མར། །གྲངས་ངེས་མེད་ལ་རྗེས་འཛིན་གྱི། །ཆོ་ག་བྱེད་པ་གསལ་བར་བཤད། །དེ་དག་ཁྱོད་ཀྱིས་མ་མཐོང་བར། །ཐག་ཆོད་བྱེད་པ་རིགས་པ་འམ། །གཞན་ལ་སྨྲ་བའི་ཟོལ་སྦྱོར་གྱིས། །འཕགས་པ་འགེགས་ལ་བརྩོན་པར་ཟད། །འཕགས་པ་འགེགས་པའི་ས་སྐྱ་པ། །རྙིང་པའི་རྗེས་འབྲང་དེ་ངོ་མཚར། །སྤྱི་རྒྱུད་ཉིད་ན་གྲངས་ངེས་ཀྱི། །ལུང་དེ་སྟ་གོན་སྐབས་ན་ཡོད། །དེ་ཕྱིར་དབང་ཆུའི་དངོས་བསྟན་ནི། །དབང་བསྐུར་ཚར་གཅིག་ཉིད་ལ་དགོངས། །གཉིས་དང་གསུམ་སོགས་འགའ་ཡོད་ན། །རྗེས་འཛིན་འཕྲལ་ནས་བྱ་མི་དགོས། །དགོས་ན་འཕགས་པས་བཤད་པ་དེ། །སློབ་མ་དབང་བསྐུར་གྲངས་མེད་ལ། །བྱེད་དུ་རུང་བའི་ལུང་ཉིད་དུ། །ཐལ་བ་ཁྱོད་ཀྱིས་བཟློག་མི་ནུས། །འཕགས་པ་དངོས་སུ་འགེགས་བཞིན་དུ། །འཕགས་པ་བསྒྲུབ་པའི་ཁེངས་པ་ཅན། །ཁྱོད་ཀྱིས་གང་དང་གང་སྨྲས་པ། །ཐམས་ཅད་དེ་དང་དེ་འདྲར་ཟད། །སྟོབས་ལྡན་རྨོངས་པའི་དྲེགས་པ་ཡིས། །འཕྲོག་བྱེད་བརྙས་པའི་ལེ་ལན་གྱིས། །ས་གསུམ་ཤོར་ནས་རང་ཉིད་ཀྱང་། །དམ་དུ་བཅིང་བ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་དོན་ཚན་གཉིས་པའོ། །རྒོལ་བ་གསུམ་པ་ནི། སློབ་མ་སྨིན་བྱེད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་