R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༨བ
[A:༦༨བ]གཅིག་ཏུ་ཐོག་མའི་དབང་བསྐུར་ཚར་གཅིག་པོ་དེ་རིགས་མོད། དེའི་རྗེས་སུ་དཀྱིལ་འཁོར་གཅིག་ཉིད་ཀྱི་སྟེང་ནས་ཉིན་རེ་བཞིན་སྟ་གོན་སྔ་མའི་དངོས་གཞི་རེ་དང་དངོས་གཞི་རྟིང་མའི་སྟ་གོན་རེ་སྤེལ་ནས་ཞུ་མཁན་མ་རྫོགས་ཀྱི་བར་དུ་བྱེད་དོ། །འདི་ཤིན་ཏུ་མི་རིགས་པའི་རྒྱུ་མཚན་སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་ཚར་གཅིག་ལས་ལྷག་པ་བསྐུར་དུ་མི་རུང་སྟེ། དཀྱིལ་འཁོར་དེ་ལ་སྟ་གོན་གཅིག་ལས་མེད་པའི་ཕྱིར། ཞེས་ས་སྐྱ་པའི་སྲོལ་འཛིན་གཞན་ཐམས་ཅད་འཆད་ལ། ཁྱེད་ཀྱི་དེ་ལྟ་བུ་ལ་གོང་མའི་ལུང་ཡོད་ན་སྟོན་ཅིག །གལ་ཏེ་སྟ་གོན་གསུམ་པོ་སྔར་བྱས་པ་དེས་ཆོག་གོ་ཞེ་ན། འོ་ན་སྒྲུབ་མཆོད་སོགས་ཀྱང་སྔར་བྱས་པ་དེ་ཉིད་ཀྱི་གནས་པས་ཉི་མ་གཞན་བྱེད་ཅི་དགོས། གལ་ཏེ་སྟ་གོན་སྔ་མ་རྣམས་བསྐྱར་ནས་བྱེད་དགོས་སོ་ཞེ་ན། དཀྱིལ་འཁོར་བསྒྲུབས་ཟིན་ནས་དེའི་ལྷ་སྟ་གོན་ཇི་ལྟར་བྱེད་ཅེས་སྨྲའོ། །དེའི་ལན་ནི།
སྟ་གོན་གཅིག་ལ་དངོས་གཞི་འགའ། །སྦྲེལ་ནས་བྱེད་པ་ས་སྐྱ་པའི། །ཆོས་ན་མེད་ཕྱིར་འབྲེལ་མེད་ཅེས། །སྨྲ་བ་དེ་ལ་བླུན་པ་སྟེ། །དེ་ལྟར་ཡིན་ན་རྗེ་རྩེ་མོས། །མཛད་པའི་ཌོམྦྷི་དཀྱིལ་ཆོག་ལས། །སྒྲུབ་མཆོད་ཉི་མ་ལྔར་བྱས་ནས། །སྟ་གོན་གཅིག་ལ་དངོས་གཞི་གཉིས། །མཛད་པའི་དངོས་གཞི་དང་པོ་ལ། །རབ་གནས་དང་ནི་གཉིས་པ་ལ། །སློབ་མ་དབང་བསྐུར་བྱེད་དོ་ཞེས། །གསལ་བར་གསུངས་པ་མ་ཤེས་པར། །གོང་མའི་ཆོས་རྣམས་འགགས་པར་ཟད། །རྩེ་མོ་འགག་པའི་ས་སྐྱ་པའི། །རྗེས་འབྲང་རྙིང་པ་གང་ནས་བྱོན། །རྗེ་བཙུན་ཆེན་པོའི་དུས་ཐ་མའི། །སྟ་གོན་གཅིག་ལ་དངོས་གཞི་དྲུག །བྱེད་པར་བཤད་པའི་ཕྱི་མ་ལྔ། །འབྲེལ་མེད་ཡིན་ཕྱིར་མི་རུང་བར། །རྗེས་འབྲང་ཟ་ཤལ་ཁྱེད་འདོད་དམ། །རྗེ་བཙུན་འགག་པའི་ས་སྐྱ་པ། །རྙིང་པ་དེ་འདྲ་གད་མོའི་གནས། །དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་བ། །གཅིག་ལས་ནམ་ཡང་མི་རུང་ན། །རས་བྲིས་