[A:༦༩ན]བཞེངས་པ་དོན་རེ་ཆུང་། །སྟ་གོན་བསྐྱར་ནས་རུང་ཞེས་ན། །དཀྱིལ་འཁོར་བསྒྲུབ་ནས་སྟ་གོན་ནི། །ཇི་ལྟར་བྱེད་ཅེས་ཁྱེད་ཉིད་ཀྱིས། །གཞན་ལ་སྨྲས་པ་དེ་བརྗོད་དམ། །སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་ནི། །གཅིག་ལས་མེད་ཕྱིར་ལུས་དཀྱིལ་དུ། །དབང་བསྐུར་སློབ་དཔོན་ཚེ་གང་ལ། །གཅིག་ལས་བྱེད་དུ་མི་རུང་བར། །གཞུང་བཤད་མཁས་རློམ་ཁྱེད་འདོད་དམ། །དེ་ལྟར་ན་ནི་ལམ་འབྲས་ཀྱང་། །ཚར་གཅིག་ཉིད་ལས་མི་རུང་བར། །ཐལ་བ་འདི་ལ་འདོད་ལན་ཐོབ། །མདོར་ན་འདི་འདྲའི་གྲུབ་མཐའ་ནི། །མཐོང་བ་བརྒྱུད་པའི་ཕྱག་ལེན་གྱིས། །བརྒྱན་པའི་སློབ་དཔོན་མ་བསྟེན་པར། །དཀྱིལ་ཆོག་རྣམས་ཀྱི་ཚིག་རིགས་ལ། །ཐུག་འཕྲད་བྱས་པའི་གཏམ་དུ་སྣང་། །མི་མཁས་རྣམས་ཀྱིས་རང་ཉིད་ཀྱི། །གཏམ་ངན་ངོ་སོར་བྱེད་པ་མང་། །རྒྱལ་ངན་འགའ་ཞིག་ཕ་བསད་ནས། །རྒྱལ་རྔ་བརྡུང་བ་ཇི་བཞིན་ནོ། །ཞེས་བྱ་བ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་དོན་ཚན་གསུམ་པའོ། །
རྒོལ་བ་བཞི་པ་ནི། གཞན་དག་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བྱེད་པའི་ཚེ་གྲངས་དང་ངེས་བཟུང་མེད་པར་སྟ་གོན་དུས་གྱི་ཉེར་ལྔ་པོ་ཐམས་ཅད་ལ་དུས་ཅིག་ཅར་དུ་དབང་བསྐུར་བ་ནི་ས་སྐྱ་པའི་ལུགས་མ་ཡིན་ཏེ། སློབ་དཔོན་རིན་པོ་ཆེའི་འགྲེལ་པ་ལུགས་ཀྱི་དབང་ཆུ་དང་མན་ངག་ལུགས་ཀྱི་དབང་ཆུ་གཉིས་ཀ་ལས་ཉེར་ལྔ་པོ་ཐམས་ཅད་ལ་སློབ་དཔོན་གྱི་དབང་ཅིག་ཅར་དུ་བསྐུར་བ་བཀག་པའི་ཕྱིར་ཏེ། ཇི་སྐད་དུ། སློབ་དཔོན་སྙིང་རྗེ་ཆེན་པོ་ཡིས། །སློབ་མ་དམ་པ་སྙིང་རྗེ་ཅན། །སྔགས་དང་རྒྱུད་རྣམས་འཛིན་པ་པོ། །གཅིག་ནི་ནན་ཏན་བསྐྱེད་ནས་བཟུང་། །ཞེས་པའི་ལུང་གི་ཚོགས་པ་ཐམས་ཅད་ལ་དབང་བསྐུར་བར་མི་བྱ་སྟེ། སློབ་མའི་གཙོ་བོར་གྱུར་པ་དབང་སྟེགས་ལ་བཞག་སྟེ་ཞེས་དང་། ཡང་དབང་བསྐུར་ནས་བཀྲ་ཤིས་བརྗོད་ཟིན་པའི་འོག་ཏུ་ཐམས་ཅད་བཀུག་