[A:༦༩བ]ནས་དེ་ཁོ་ན་ཉིད་བསྟན་པར་བྱའོ་ཞེས་གསུངས་པའི་ཕྱིར། རྗེ་བཙུན་གོང་མས་བཀག་པ་དེ་ཉིད་ནན་གྱིས་བསྒྲུབ་པར་མ་བྱེད་ཅིག་ཅེས་རྒོལ་ལོ། །དེའི་ལན་ནི།
རྡོ་རྗེ་སློབ་དཔོན་དབང་བསྐུར་གྱི། །སློབ་མ་གྲངས་ངེས་བྱ་དགོས་པ། །གསང་བ་སྤྱི་རྒྱུད་ལ་ཐུག་ན། །གསང་བ་སྤྱི་རྒྱུད་བྱ་རྒྱུད་ཡིན། །བྱ་རྒྱུད་རྣམས་ལས་སློབ་དཔོན་དང་། །སློབ་མའི་དབང་གི་ཟླས་ཕྱེ་བའི། །རྡོ་རྗེ་སློབ་དཔོན་དབང་བསྐུར་གྱི། །དོན་དང་ཐ་སྙད་གཉིས་ཀ་མེད། །ཁྱད་གཞི་མེད་པའི་ཁྱད་ཆོས་མཚར། །རྗེ་བཙུན་གོང་མས་དེ་དྲངས་པ། །རུང་མཐུན་ལུང་དུ་དྲངས་པ་ཡིན། །དཔེར་ན་རྩ་ལྟུང་བཅུ་བཞི་ཡི། །ལུང་སྦྱོར་མདོ་ནས་མཛད་པ་བཞིན། །རུང་མཐུན་ལུང་དང་བཤད་པའི་ཁུངས། །ནོར་བ་ཤིན་ཏུ་བཞད་གད་ཆེ། །སྤྱི་རྒྱུད་དགོངས་པ་ཆོས་དབྱིངས་ལྟར། །ཟབ་ཅིང་ཤིན་ཏུ་རྟོགས་དཀའ་བ། །ཚིག་ཙམ་འདོན་པ་ལྷུར་བྱེད་པ། །ཁྱེད་ཀྱི་རེ་ཞིག་རྟོགས་མི་ནུས། །ཤེས་པར་འདོད་ན་མཁས་པ་བསྟེན། །ངེས་བཟུང་ཅན་གྱི་བསྐུར་ཚུལ་དེ། །བྱེད་ན་དབང་གོང་དངོས་གཞི་ཡང་། །དེ་ལྟའི་ཚུལ་གྱིས་བསྐུར་དགོས་པར། །སྐབས་འདིར་གོང་མ་བཞེད་གྱུར་ན། །ཁྱེད་ལ་ཚུལ་དེ་ཡོད་མིན་པས། །ངལ་བའི་འབྲས་མེད་གླང་ཆེན་ཁྲུས། །གཞན་དུ་མཆོག་དབང་རྣམ་པ་གསུམ། །སློབ་མའི་དབང་དུ་ཁས་ལོངས་ཤིག །གཞན་གཞུང་ཚངས་པའི་གཞལ་མེད་ཁང་། །བྱིས་བློའི་གཟོང་གིས་བརྐོས་པ་ལས། །རང་ལུགས་བྱེ་མའི་ཁང་བུ་ཡི། །ཚུལ་ངན་དམངས་ནས་ཞིག་མིན་ནམ། །ཞེས་བྱ་བ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་དོན་ཚན་བཞི་པའོ། །རྒོལ་བ་ལྔ་པ་ནི། གཞན་དག་རྡོ་རྗེའི་བརྟུལ་ཞུགས་དང་རྡོ་རྗེ་སློབ་དཔོན་གྱི་དབང་རྫས་ལ་བསྐྱེད་ཆོག་མི་འདོད་པ་ནི་མི་