[A:༧༢བ]ལོ་བསྒྱུར་བ་ལྔ། །ཞེས་པའི་གཞུང་དེ་ནོར་རམ་ཅི། །གཞུང་ལུགས་མཐོང་ནས་སྨྲ་དགོས་ཀྱི། །ཕྱོགས་སུ་མ་ཕྱིན་འོལ་སྤྱོད་དེ། །རང་ཉིད་སྲང་ལ་འཇལ་བ་ཡིན། །ཟབ་མོའི་ལུས་དཀྱིལ་ཆོས་མིན་པར། །སྨྲ་བའི་ལོག་རྟོག་འཇིགས་རུང་བ། །བྱུང་ཚེ་མཐོང་ཐོས་སྐད་མེད་པའི། །ས་སྐྱའི་རྗེས་འབྲང་རྙིང་པ་ལ། །སྨྲ་བཅད་བརྟུལ་ཞུགས་སུ་ཡིན་བྱིན། །མི་ཤེས་ལུང་དང་རིགས་པ་ཡི། །ཚིག་ཕྲེང་ངལ་བ་ལྷུར་བྱས་ཀྱང་། །བླུན་པོའི་ཁ་བཤགས་ཇི་བཞིན་དུ། །རང་གིས་རང་ཉིད་ཕམ་པར་བྱས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་དོན་ཚན་བདུན་པའོ། །
རྒོལ་བ་བརྒྱད་པ་ནི། གཞན་དག་ན་རེ། དབང་བསྐུར་རབ་གནས་ཀྱི་དུས་སུ་སྡོམ་བརྩོན་རབ་བྱུང་རྣམས་ཀྱི་ཚོགས་འཁོར་མི་བྱེད་དེ། ཆོས་རྗེ་ས་སྐྱ་པཎྜི་ཏས་བཀག་པའི་ཕྱིར་རོ་ཞེས་འདོད་དོ། །དེ་མི་འཐད་པ་ནི། ཆོས་རྗེ་རང་གི་ལུང་དང་འགལ་བ་དང་། རྗེ་བཙུན་ཆེན་པོའི་ལུང་དང་འགལ་བས་སོ་ཞེས་སུན་འབྱིན་པའི་ཚེ། ཆོས་ཀྱི་རྗེས་རབ་བྱུང་ལ་དཔའ་བོའི་སྟོན་མོ་དགོས་པར་བསྟན་ཞིང་། དཔའ་བོའི་སྟོན་མོ་དེ་ཚོགས་འཁོར་གྱི་དབྱེ་བར་མངོན་རྟོགས་ལྗོན་ཤིང་དུ་གསུངས་ཤིང་། ཆོས་རྗེ་རང་གིས་ཀྱང་གསུངས། ཕྱོགས་སྔ་མ་ནི་དུས་ཁྱད་པར་ཅན་གྱི་དུས་སུ་དཔའ་བོའི་སྟོན་མོ་ཡང་མི་བྱེད་པས་བཟའ་བའི་དམ་ཚིག་ལས་ཉམས། ཆོས་རྗེས་བཤད་པ་ནི་ཀླུ་སྒྲུབ་ནས་ཇོ་བོ་རྗེ་དང་། ཁ་ཆེ་པཎ་ཆེན་སོགས་ཀྱི་ལུགས་ཡིན་པས་ས་སྐྱ་པའི་རང་ལུགས་མ་ཡིན་ཞེས་དང་། དུས་ཁྱད་པར་ཅན་གྱི་ཚེ་རབ་བྱུང་གི་ཚོགས་འཁོར་མ་བྱས་ན་རྩ་ལྟུང་བཅུ་གསུམ་པར་འགྲོ་བ་དེ་འཁྲུལ་སྤོང་གི་དགོངས་པ་ཡིན་ནོ་ཞེས་སྨྲའོ། །དེའི་ལན་ནི།
མཁྱེན་རབ་དབང་ཕྱུག་ས་པཎ་གྱིས། །བཤད་པའི་རབ་བྱུང་སྟོན་མོ་དེ། །ཁྱད་པར་ཅན་གྱི་བཟའ་བ་ཡིས། །དགག་བྱ་དེ་དག་ཁེགས་ནུས་སམ། །ནུས་ན་ངེད་ཅག་སྡོམ་བརྩོན་རྣམས། །ཆོས་རྗེས་བཤད་པ་དེ་བྱེད་ན། །བཟའ་བའི་དམ་ཚིག་མེད་པ་