R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༣ན
[A:༧༣ན]ཞེས། །འབྲེལ་མེད་སྙོན་དེ་སུ་ལ་སྨྲ། །ཚུལ་དེས་དགག་བྱ་མི་ཁེགས་ན། །ཀླུ་སྒྲུབ་ནས་ནི་ཆོས་རྗེ་སོགས། །ཚད་ལྡན་སྡོམ་བརྩོན་མཐའ་ཡས་པ། །རྩ་ལྟུང་ཅན་དུ་ཁྱེད་བསྒྲུབ་བམ། །མདོར་ན་ཚོགས་འཁོར་མ་བྱས་པ། །རྐྱང་པས་རྩ་ལྟུང་འབྱུང་བ་དེ། །གོང་མའི་གསུང་རབ་གང་ན་བཞུགས། །ཁྱེད་དག་ཚོགས་འཁོར་བྱེད་དོ་ཞེས། །ཀུན་ལ་རླུང་ལྟར་སྒྲོག་བྱེད་ན། །རྗེ་བཙུན་གོང་མས་ཚོགས་འཁོར་ལ། །དཔའ་བོ་དཔའ་མོ་གཉིས་ཚོགས་དང་། །ཚིམ་པ་དྲུག་སོགས་བཤད་པ་ཡིས། །མཚན་ཉིད་ཚང་བར་ཁྱེད་བྱེད་དམ། །ཚོགས་འཁོར་མཚན་ཉིད་མ་ཚང་ན། །བཏགས་པ་བ་ལས་འདའ་བ་མེད། །དེ་ལྟར་འདོད་ན་ཁྱེད་ཉིད་ཀྱིས། །ཚོགས་ཀྱི་འཁོར་ལོ་མ་བྱས་ཕྱིར། །རྩ་ལྟུང་ཅན་དུ་ཁས་ལོངས་ཤིག །དེ་ཕྱིར་རང་ལ་སྐྱོན་བརྗོད་པ། །ངེས་པར་སྨྱོན་པ་ཉིད་དུ་བས། །གལ་ཏེ་དེ་དག་ཀུན་བྱེད་ན། །ཕྱག་ན་རྡོ་རྗེའི་བསྟོད་འགྲེལ་ལས། །ཆོས་གོས་འཛིན་པ་རྣམས་ལ་ནི། །བླ་མས་ཚིག་གིས་བསྟན་པར་བྱ། །གཞན་དུ་བླ་མ་དམ་ཚིག་ནི། །ཉམས་པར་འགྱུར་ཞེས་གང་གསུངས་པའི། །གཞན་གྱིས་མ་ཁུར་སྡིག་པ་ཡི། །ཁུར་དེ་ཁྱེད་ཅག་འཁུར་རམ་ཅི། །གཞན་ཡང་དུས་འཁོར་རྒྱུད་འགྲེལ་སོགས། །ཚད་ལྡན་རྣམས་ལས་རབ་བྱུང་གིས། །དེ་ལྟར་བྱེད་པ་རྒྱས་པར་བཀག །ཆོས་རྗེས་བཤད་པའི་སྟོན་མོ་དེ། །དཔའ་བོའི་སྟོན་མོར་ཁས་བླངས་ཤིང་། །དཔའ་བོའི་སྟོན་མོ་རྗེ་བཙུན་གྱིས། །ཚོགས་འཁོར་དབྱེ་བར་བཤད་ཅེས་པ། །གཉིས་ཀ་གཅིག་ཆར་ཁས་བླངས་ནས། །ཆོས་རྗེས་བཤད་དེ་ས་སྐྱ་པའི། །རང་ལུགས་མིན་ཞེས་སྨྲ་བྱེད་པ།