R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༣བ
[A:༧༣བ] །འདི་ཡང་འགལ་བ་ལྟག་སྤྲོད་ཡིན། །ཁུ་དབོན་གཉིས་ཀ་བཞེད་པ་དེ། །ས་སྐྱའི་ཆོས་སུ་མི་རུང་ན། །ས་སྐྱའི་ཆོས་ཀྱི་མཚན་གཞི་ནི། །ཀུན་མཁྱེན་གྱིས་ཀྱང་བརྙེད་མི་ནུས། །ས་པཎ་འགག་པའི་ས་སྐྱ་པ། །རྙིང་པ་དེ་དག་ཆེས་ཆེར་བླུན། །དེ་ཕྱིར་ཕྱི་དྲོའི་ཁ་ཟས་དང་། །ཤ་ཆང་རོལ་ལ་རྔམ་པ་ཡི། །ཟོལ་གྱིས་ཚོགས་འཁོར་བྱེད་དོ་ཞེས། །འཇིག་རྟེན་པ་རྣམས་རྨོངས་བྱེད་པའི། །འདོད་ལྡན་དེ་དག་ལྷག་སྤྱོད་ཀྱི། །ཏིང་འཛིན་བསྒོམ་པ་ཇི་བཞིན་ནོ། །ཡང་དག་མགོན་གྱིས་མ་བཟུང་བའི། །རྣམ་དག་དམ་པའི་ཚུལ་དོར་ནས། །མ་དག་འཚོ་བ་དོན་གཉེར་བ། །མཐའ་དག་ཚོགས་ཀྱང་ལན་ཡོད་མིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་དོན་ཚན་བརྒྱད་པའོ། །དིང་སང་བསྟན་པ་ཉམས་དམའ་བས། །ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི། །བསྲུང་བྱ་ཙམ་ལའང་ཆེར་ལྷོད་པའི། །རྡོ་རྗེ་སློབ་དཔོན་གཟུགས་བརྙན་གྱིས། །སྨིན་གྲོལ་ནུས་པར་ཁས་བླངས་ནས། །དད་པའི་རྗེས་འབྲངས་བསྡུད་པ་མཐོང་། །དེ་ཕྱིར་ཆོས་ལྟར་བཅོས་ནས་ནི། །ཆོས་མིན་བྱེད་ཅེས་སྨྲ་བ་དེ། །རང་གཞན་ཀུན་ལ་གཟུ་བོའི་བློས། །སྨྲ་བ་ཡིན་ན་ཐལ་མོ་སྦྱོར། །གཞན་དུ་རྒྱལ་བས་ལུང་བསྟན་པའི། །ཚད་ལྡན་མཁས་པ་སྨོད་བྱེད་པའི། །ཕྱོགས་འཛིན་མཁན་དེ་ཡིད་བསྲུབ་ཀྱི། །ཕོ་ཉ་ཡིན་པར་གདོན་མི་ཟ། །ཆོས་ཚུལ་འདི་ལ་སྦྱངས་སྦྱངས་པའི། །བསྟན་འཛིན་གཞན་ལ་སྨོད་སྨོད་པ། །དེ་དག་རྣམས་ཀྱི་རང་རང་གིས། །སྨྲ་བྱའི་གནས་ལ་ངེས་ངེས་ཀྱི། །བསྒྲུབ་བྱེད་དོན་དུ་མནའ་བོར་བས། །རང་གཞུང་ཟིན་པར་ཁས་འཆེ་བའི། །ཐོས་ཆུང་རྣམས་ཀྱི་རང་གི་རང་། །ལྷ་རྣམས་དགའ་