[A:༧༤ན]བའི་གྲངས་སུ་བྱས། །གསར་བྱུང་ཡིད་བསྲུབ་རིགས་ཀྱི་ཚིག །ཐུན་ཚགས་བསྡུས་པའི་སྨོད་པའི་མདའ། །ཕྱོགས་འདིར་འཕེན་བརྩོན་སྲེད་ལྡན་དག །འདོད་པའི་ཁྱིམ་དུ་གཉིད་བྱོས་ཤིག །ཨ་ཧོ་བཛྲ་ཛྙཱ། ཕྱོགས་ཀུན་འཕྲིན་ལས་གསེར་གྱི་འགེབས་ནུས་པའི། །འོད་གསལ་ཉི་ཟླའི་སྣང་བ་འདི་མེད་ན། །ཚུར་རོལ་མཐོང་བའི་སྲིན་བུ་མེ་ཁྱེར་གྱིས། །ས་གསུམ་སྣང་བྱེད་དབང་པོ་བྱ་ནུས་སམ། །སྔོན་དུས་རྟོག་གེའི་ཆང་གིས་རབ་མྱོས་པའི། །ཕྱིར་རྒོལ་གླང་པོ་སྨྱོན་པའི་དོར་སྟབས་ཀྱིས། །གསུང་ངག་མཚོ་སྐྱེས་རྩ་བ་དཀྲུགས་པའི་ཚེ། །ཉེས་སྤོང་ལུང་རིགས་ཤེས་པ་འགའ་ཡོད་དམ། །དེང་དུས་མཁས་མང་ངང་པའི་དེད་དཔོན་དང་། །གཞན་ཟེར་དབྱངས་སུ་ལེན་པའི་བུང་བ་ཡང་། །ཆོས་འདི་མཁའ་ལ་འདབ་བཟང་ཇི་བཞིན་དུ། །འཕུར་ལྡིང་བྱེད་འདི་མགོན་དེའི་དྲིན་མིན་ནམ། །གོང་མའི་བཞེད་གཞུང་མིང་གི་མཐར་བྱེད་ཅིང་། །ལམ་བཟང་བསྒོམ་ལ་འགྱོད་ཚང་གཞུང་འཛུགས་པའི། །འབྱུང་པོའི་རིགས་ལ་ཕེབས་པ་སྨྲ་བྱེད་ཅིང་། །རང་སྡེ་སྨོད་རྣམས་གདོན་གྱིས་མ་བཏབ་བམ། །རྒྱལ་པོའི་འཕྲིན་དང་གཡོ་སྒྱུའི་སྦྱོར་བ་ཡི། །འབད་པས་བསྒྲུབ་པའི་དད་པའི་རྗེས་འབྲང་གི །སྒྲ་འཛིན་དབང་པོ་གཞན་སྨོད་ངུད་མོ་ཡིས། །རྒྱུན་དུ་རྩེར་ལ་བསམ་སྦྱོར་གཞན་མེད་དམ། །ཆོས་བརྒྱད་འཁོར་དང་ཁྱིམ་ལ་འཁྲོན་པ་ཡི། །ཀུན་དཀྲིས་དབང་གིས་དགག་བསྒྲུབ་ཟོལ་སྦྱོར་མཁན། །ལུས་མེད་འདོད་པའི་བདེ་བ་བསྒྲུབ་རྣམས་ལ། །ཉུང་ངུའི་ངག་གིས་ལན་འདི་རིགས་པར་སྨྲས། །གསུང་རབ་རྒྱ་མཚོའི་དོན་ལ་མ་ཕྱོགས་པར། །ལན་བརྒྱར་འཆད་དང་ཉན་