[A:༧༥ན]པར་
ལ་ཤྲཱི་ཨེ་ཝྃ་ཆོས་ལྡན་གྱི་ཡོན་ཏན་རིན་པོ་ཆེ་སྒྲོག་པའི་ཚལ་གྱི་ཡང་ཐོག་ཏུ་གྲུབ་པར་བྱས་པའོ།།རྣམ་དཔྱོད་ཞེ་འཐུང་རུས་པ་ལས་བྱུང་བའི། །རྟོག་སྤྱོད་རྣམ་འགྱུར་རྩེ་བརྒྱ་དང་ལྡན་པའི། །བརྒལ་ལན་འདི་ནི་ལྷ་དབང་རྡོ་རྗེ་སྟེ། །ལོག་རྟོག་བྲག་རི་རྨང་ནས་འབེབས་བྱེད་ཡིན། །ཞེས་བྱ་བར་རྟོགས་པར་བྱའོ། །འདིས་བསྟན་པ་སྤྱི་དང་བྱེ་བྲག་ཏུ་གསུང་ངག་རིན་པོ་ཆེའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག ཤུ་བྷྃ། ཞེས་པ་དེ་རྣམས་ཀྱིས་རྗེ་བཙུན་མཁས་པའི་གཙུག་རྒྱན་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ལས་འབྱུང་ཚུལ་བཤད་པ་བསྟན་ཟིན་ནས།། ༈ །།གསུམ་པ་སྙན་བརྒྱུད་མཁས་པའི་དབང་པོའི་གསུང་རབ་ལས་འབྱུང་ཚུལ་བཤད་པ་ནི། རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་གསུང་ངག་རིན་པོ་ཆེའི་སྐབས་བརྒྱད་ལ་འཁྲུལ་པ་སྤོང་བ་རྡོ་རྗེའི་འཕྲུལ་འཁོར་གྱི་ཟེགས་མ་ཞེས་བྱ་བ་ལས་འདི་ལྟར་འབྱུང་སྟེ། བི་ཛ་ནཱུ། ཀུན་ཁྱབ་དགའ་ཆེན་རིགས་བརྒྱའི་བདག །མཁས་བཙུན་བཟང་པོའི་མཆོག་གྱུར་རྗེ། །རྒྱལ་བས་ལུང་བསྟན་ཨེ་ཝྃ་པ། །ངོར་ཆེན་རྡོ་རྗེ་འཆང་དབང་རྒྱལ། །གོང་མའི་གསུང་རབ་པདྨོའི་ཚལ། །ཁྱེད་ཀྱི་འཕྲིན་ལས་ཉི་གཞོན་གྱིས། །ལེགས་པར་ཕྱེ་བའི་དྲི་བསུང་ནི། །ནམ་མཁའི་ཕ་མཐར་ཁྱབ་པ་ལ། །རང་སྡེ་ཉུང་ངུའི་ཕྲག་དོག་གིས། །མྱོས་པའི་མེ་ཁྱེར་སྲིན་བུ་དག །ང་རྒྱལ་ལུས་བསྐྱོད་སྨྲེ་སྔགས་ཀྱིས། །དུབ་རྣམས་ངལ་བསོའི་བཅུད་ལེན་སྦྱིན། །བྱང་ཆུབ་སེམས་བསྐྱེད་མེད་པ་དང་། །རྗེས་འཛིན་མང་པོ་མེད་པ་དང་། །སྟ་