[A:༧༥བ]གོན་གཅིག་ལས་མེད་པ་དང་། །ལུས་དཀྱིལ་བསྐྱེད་གཞི་མེད་པ་དང་། །སློབ་དཔོན་གཅིག་ཏུ་ངེས་པ་དང་། །དབང་ཆོག་ལུང་ཁུངས་མེད་པ་དང་། །རིགས་གཙོའི་རྒྱས་འདེབས་མེད་པ་དང་། །དཔའ་བོའི་སྟོན་མོ་མེད་པ་རྣམས། །རྡོ་རྗེ་ཐེག་པ་སྤྱི་དང་ནི། །ཁྱད་པར་དཔལ་ལྡན་ས་སྐྱ་པའི། །བསྟན་ལ་གནད་གཅོད་བདུད་ཀྱི་ཚིག །ཡིན་ཕྱིར་ཐོས་ཀྱང་རྣ་བ་དགག །ཅེས་རྩ་ཚིག་གི་ཕྱོགས་སྔའི་ཐུགས་རིགས་དང་མཐུན་པར་བརྗོད་ནས། དེ་ཉིད་ཀྱི་རང་འགྲེལ་གྱི་ལན་གྱི་སྙིང་པོ་ཕྱུང་བ་མདོར་བསྡུས་ཏེ་སྦྱོར་ངག་ཏུ་བཀོད་པ་འདི་ལྟར་རོ། །སྨྲ་བ་དང་པོ། རྗེ་བཙུན་ཆེན་པོས་མཛད་པའི་ཡི་གེའི་སྟེང་ནས་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་པའི་སེམས་བསྐྱེད་འདི་བྱེད་མི་རིགས་ཅིང་བརྒྱུད་པ་མེད་པའི་བསྒྲུབ་བྱེད། ལམ་འབྲས་པ་ཕྱི་མ་འགའ་ཞིག་གིས་ཡི་གེ་འདི་སྟེང་ནས་མ་ཐོབ་ཅིང་ལག་ལེན་ལའང་མི་བྱེད་པའི་ཕྱིར། ཞེས་པར་སྣང་བ་དེ་ལྟར་ན་རྗེ་བཙུན་བསོད་ནམས་རྩེ་མོའི་དབང་ཆུའི་སྟེང་ནས་ཀྱཻ་རྡོ་རྗེའི་དབང་བསྐུར་བྱེད་པ་མི་འཐད་ཅིང་བརྒྱུད་པ་མེད་པར་ཐལ། འཕགས་པ་རིན་པོ་ཆེའི་ཞལ་སློབ་དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། ཞང་དཀོན་མཆོག་དཔལ་བ་ལ་སོགས་པས་ཡི་གེ་འདིའི་སྟེང་ནས་མ་ཐོབ་ཅིང་། ལག་ལེན་ཡང་མི་བྱེད་པའི་ཕྱིར། ཁྱབ་པ་མཚུངས། འདོད་མི་ནུས། མ་གྲུབ་ན་དེར་ཐལ། དེ་དག་འཕགས་པ་རིན་པོ་ཆེས་མཛད་པའི་མངོན་དཀྱིལ་རྣམས་ཀྱི་སྟེང་ནས་བྱེད་པ་ལས་འོས་མེད་པའི་ཕྱིར། དེ་གཉིས་ལ་ནང་གསེས་ཀྱི་ཁྱད་པར་ཕྲ་མོ་ཙམ་ལས་མེད་དོ་སྙམ་ན། གོང་མ་ལའང་མཚུངས་ཏེ། འདི་དང་དབུ་མ་ལུགས་ཀྱི་སེམས་བསྐྱེད་ལ་ནང་གསེས་ཀྱི་