R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༧བ
[A:༧༧བ]ལས། བླ་མས་སློབ་མ་གཅིག་པུ་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བྱ། །མཁས་པས་གཅིག་ཆར་སློབ་མ་གཉིས། །དབང་བསྐུར་བ་ནི་ཡོངས་མི་བྱ། །གཉིས་སམ་གསུམ་མམ་བཞི་ཡང་རུང་། །བླ་མས་དབང་བསྐུར་བྱ་བ་ནི། །ཡོ་བྱད་གསར་པ་གཞན་རྣམས་ཀྱིས། །ཐམས་ཅད་ཐམས་ཅད་སོ་སོར་བྱ། །ཞེས་དང་། དབང་བསྐུར་དོན་དུ་དཀྱིལ་འཁོར་ནི། །བྱེ་མ་དཀར་པོས་བྲི་བར་བྱ། །དཀྱིལ་འཁོར་དག་དང་རྗེས་མཐུན་པར། །སྟེགས་བུ་གྲུ་བཞི་བྱས་ནས་སུ། །དེ་ཡི་དབུས་སུ་ཚོན་སྣ་ལྔས། །པདྨ་ཡོངས་སུ་རྫོགས་པར་བྲི། །ཞེས་སོགས་གསུངས་པའི་དོན་རྗེ་བཙུན་གོང་མའི་ཡི་གེ་ལས་འབྱུང་བའི་ཕྱག་ལེན་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཚང་བའི་སྟེང་དུ་ཇི་སྐད་བཤད་པའི་ཡོ་བྱད་ཡོངས་སུ་རྫོགས་པའི་ཚིག་བསྒྲེངས་དུ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་ཕྱག་ལེན་ཤིན་ཏུ་རྒྱས་པའང་བྱེད་པས། ཁྱེད་ཀྱི་པདྨ་འདབ་བརྒྱད་ཀྱི་རི་མོ་ཙམ་གྱི་སྟེང་དུ་བཞག་ནས་སློབ་དཔོན་གྱི་དབང་བསྐུར་བ་ལ་དེ་ཙམ་གྱི་ང་རྒྱལ་གྱིས་ཉམས་དག་པ་ངལ་བ་ལྷུར་ལེན་པར་ཟད་དོ། །བུང་བ་གཞོན་ནུའི་གཤོག་བརྒྱངས་ཀྱིས། །ང་རྒྱལ་ལྡིང་བསྐོར་འདི་མཐོང་ཚེ། །ཡོངས་འདུའི་འདབ་བཟང་དབང་པོ་དེས། །འཛམ་གླིང་མུན་པར་མ་བྱས་མཚར།། ༈ །།སྨྲ་བ་ལྔ་པ། ལུས་དཀྱིལ་གྱི་ལྷ་རྣམས་ས་བོན་ལ་བསྐྱེད་པའི་བསྒྲུབ་བྱེད། སྲས་དོན་མ་གཉག་མ་སོགས་གཞུང་བཤད་མང་པོ་ལས་ཨྃ་ལས་ཧྃ་ལས་ཞེས་སོགས་དང་། སྒ་ཐེང་མ། དཔེ་མཛོད་མ་གཉིས་སུ། ལྟེ་བའི་ནང་གི་ཨྃ་གི་བྱང་སེམས་ལས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཞེས་དང་། ཕྱིའི་རྩ་ཨྃ་