R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༠ན
[A:༨༠ན]གསུམ། དཔའ་བོ་རྣལ་འབྱོར་མ་ཚོགས་པ་ལ་ཚོགས་ཀྱི་འཁོར་ལོ་ཞེས་བྱ་ལ། དཔའ་བོ་འབའ་ཞིག་ཚོགས་ན་དཔའ་བོའི་སྟོན་མོ། དཔའ་མོ་འབའ་ཞིག་ཚོགས་ན་དཔའ་མོའི་སྟོན་མོ། ཞེས་སོགས་ཀྱི་ལུང་འདྲེན་པ་དང་། དཔའ་བོའི་སྟོན་མོ་ཚོགས་ཀྱི་འཁོར་ལོ་མ་ཡིན་ན། དཔའ་བོའི་སྟོན་མོ་ལ་སོགས་པའི་བདུན་པོ་དེ་རྒྱུན་གྱི་བཟའ་བའི་དམ་ཚིག་ནི་ཡིན་དོན་མེད་ལ། དེའི་ཕྱིར་བཟའ་བའི་དམ་ཚིག་གང་ཡང་མ་ཡིན་པར་ཐལ་ལོ། །ཞེས་ཟེར་བ་རྣམས་རིམ་བཞིན་མི་རིགས་ཏེ། ངོར་ལུགས་ལ་བཟའ་བའི་དམ་ཚིག་ཡོད་པར་ཐལ། བདུད་རྩི་རིལ་བུ་བསྟེན་པ་དེ་བཟའ་བའི་དམ་ཚིག་ཡིན་པའི་ཕྱིར། དེར་ཐལ། རྒྱུན་གྱི་བཟའ་བའི་དམ་ཚིག་ཡིན་པའི་ཕྱིར། འཁོར་གསུམ། རི་བོང་རྭ་ཚོགས་ཀྱི་འཁོར་ལོ་ཡིན་པར་ཐལ། ཁྱད་པར་གྱི་བཟའ་བའི་དམ་ཚིག་ཚོགས་ཀྱི་འཁོར་ལོ་ཡིན་པའི་ཕྱིར། འཁོར་གསུམ། ཤེས་བྱ་རྟག་པ་ཡིན་པར་ཁས་བླངས་པས། ཤེས་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་ཁས་ལེན་མི་དགོས་པས་དགོངས་པར་ཞུ། གཞན་ཡང་དཔའ་བོའི་སྟོན་མོ་མེད་པར་ཐལ། དེ་ཡོད་ན་བཟའ་བའི་དམ་ཚིག་ཡིན་དགོས་པ་ལ། རྒྱུན་གྱི་བཟའ་བའི་དམ་ཚིག་གི་ཡིན་དོན་མེད། ཁྱད་པར་གྱི་བཟའ་བའི་དམ་ཚིག་མིན་ཏེ་ཚོགས་ཀྱི་འཁོར་ལོ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་རྗེ་བཙུན་གྱི་ཚོགས་ཀྱི་འཁོར་ལོ། དཔའ་བོའི་སྟོན་མོ་དཔའ་མོའི་སྟོན་མོ་ཞེས་དེ་གསུམ་མི་འདྲ་བ་ཐ་དད་དུ་བཤད་པའི་ཕྱིར། མ་ཡིན། དེ་གསུམ་མིང་གི་རྣམ་གྲངས་ཀྱི་དབྱེ་བ་ཡིན་ནོ་སྙམ་ན། དེ་ལྟར་ན་དཔའ་མོའི་སྟོན་མོ་ཡང་། དཔའ་བོའི་སྟོན་མོར་འགྱུར་ཞིང་། དཔའ་མོ་