R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༠བ
[A:༨༠བ]ཡང་དཔའ་བོར་འགྱུར་པ་སོགས་བརྗོད་ཀྱིས་མི་ལང་བས། འདི་འདྲའི་གྲུབ་མཐའ་མི་འཛིན་པར་གསོལ་བ་འདེབས་སོ། །སྨྲས་པ། བྱིས་པ་སྒྲོན་མེ་ཐོགས་ནས་མུན་རུམ་དུ། ལན་བརྒྱར་འབད་ཀྱང་ཕྱོགས་ཀུན་གསལ་མི་ནུས། །མཁས་པ་ཉི་ཟླའི་འོད་ཀྱིས་སྐད་ཅིག་ལ། །རབ་ཡངས་འཛིན་མའི་ཁྱོན་ཀུན་ལྷམ་མེར་གསལ། །ད་ལྟ་ས་སྟེང་འདི་ན་ས་སྐྱ་པའི། །གསང་ཆེན་བསྟན་པ་དྲི་མེད་འཛིན་པ་ལ། །རྗེ་བཙུན་ངོར་པའི་འཕྲིན་ལས་ཁོ་ན་ལས། །གཞན་དུ་ཡོད་མེད་གཟུར་གནས་ཀུན་གྱིས་ཤེས། །དེ་ཕྱིར་ཚུལ་དེར་སྨོད་ན་རང་ཉིད་ནི། །ཉམས་པར་མ་ཟད་རྗེ་བཙུན་ས་སྐྱ་པའི། །བསྟན་ལ་དད་གུས་མེད་པར་མི་འགྱུར་རམ། །དེ་བས་ད་ནི་ཆགས་སྡང་ཕྲག་དོག་སྤོངས། །བདག་ནི་བྱམས་པ་རྡོ་རྗེ་རྒྱལ་མཚན་ལ། །སྙིང་ནས་དད་མོས་འོན་ཀྱང་རྗེས་འབྲང་འགའི། །བློ་མཚོའི་གཏིང་ཟབ་བརྟག་ཕྱིར་ཉམས་དགར་ནི། །སྨྲས་ལ་དམ་པས་བཟོད་བཞེས་ཐུགས་རྗེས་སྐྱོང་། །དེ་སྐད་བརྗོད་པའི་དགེ་ཚོགས་ཆུ་ཀླུང་དེས། །འགྲོ་འདིའི་ལོག་རྟོག་དྲི་མ་ཀུན་སྦྱངས་ཏེ། །འཁྲུལ་མེད་གོང་མའི་གསུང་གི་ཉིང་ཁུ་ཡི། །ཟུང་འཇུག་རྡོ་རྗེའི་བཅུད་ལེན་གྲུབ་གྱུར་ཅིག །མངྒ་ལཾ། ཞེས་པ་དེ་རྣམས་ཀྱིས་སྙན་བརྒྱུད་མཁས་པའི་དབང་པོའི་གསུང་རབ་ལས་འབྱུང་ཚུལ་བསྟན་ཟིན་ནས། བཞི་པ་དེ་དག་གི་ལན་འདེབས་རྫོང་ལུགས་ཀྱི་མཁས་པ་དམ་ཚིག་ལེགས་བཤད་ལས་འབྱུང་ཚུལ་བཤད་པ་ལ་གཉིས་ཏེ། ཆོས་རྗེ་བཟང་པོ་བཀྲ་ཤིས་ཀྱི་གསུང་རབ་ལས་འབྱུང་ཚུལ་བཤད་པ་དང་། དགེ་ཆུ་བ་བུདྡྷ་ཤྲཱིའི་ལེགས་བཤད་ལས་འབྱུང་ཚུལ་བཤད་པའོ། །དང་པོ་ནི། ཆོས་ཀྱི་རྗེ་མཁན་ཆེན་བཟང་བཀྲས་པས་མཛད་