[A:༨༡ན]པའི་སྙན་བརྒྱུད་འཁྲུལ་སེལ་ལས་འདི་ལྟར་འབྱུང་སྟེ། ན་མོ་གུ་རུ་བྷྱ། སྙན་བརྒྱུད་འཁྲུལ་སེལ་ཞེས་བྱ་བ། །རྩ་བའི་བླ་མ་རྣམས་དང་དབྱེར་མ་མཆིས་པ་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་བིརྺ་པ་ལ་གུས་པས་ཕྱག་འཚལ་ལོ། །སྒོ་གསུམ་དབང་ཆེན་ཡངས་པའི་གཞིར། །རིགས་གསུམ་ས་བོན་ལེགས་གནས་པ། །མཆོག་གསུམ་བྱིན་རླབས་སྤྲིན་བྱུང་སྤྲོས། །སྐུ་གསུམ་འབྲས་སྩོལ་རྗེ་ལ་འདུད། །ཆོས་ཀྱི་སྤྱན་ལྡན་བླ་མའི་གསུང་། །ཆོས་ལྟར་བཅོས་པས་དྲི་མར་བྱས། །ཆོས་མཐུན་རིགས་པས་དག་བྱེད་པ། །ཆོས་འདོད་རྣམས་ལ་བཤད་པར་བྱ། །བླ་ཆེན་བཛྲ་དྷྭ་ཛ་ཡིས། །གོང་མའི་གསུང་མཆོག་དགོངས་པའི་དོན། །ལེགས་པར་བཤད་པ་མང་བཀོད་ཀྱང་། །འདིར་ནི་ཆུ་རྒྱུན་བཞི་པ་རུ། །སེམས་བསྐྱེད་བརྒྱུད་པ་མེད་པ་སོགས། །ཚིག་བརྒྱད་འགྲེལ་པར་བཅས་པ་ལ། །སུན་འབྱིན་རྣམ་པར་སྤྲོས་པའི་ལན། །སྐབས་དོན་ལེགས་པར་བཤད་པར་བྱ། །དང་པོའི་དོན་ལ་འདི་སྐད་དུ། བརྒྱུད་པ་གཉིས་ཀྱི་སེམས་བསྐྱེད་ཀྱི། །ཆོ་ག་རྗེ་པས་མཛད་པ་ནི། །སྒོ་རུམ་བརྙེད་ལས་བརྒྱུད་ཅེས་པ། །ཚད་ལྡན་སྨྲས་པ་མེད་དོ་ལོ། །སྒོ་རུམ་བརྙེད་དམ་མིན་ཡང་རུང་། །མཁན་ཆེན་ཤེས་རབ་རྡོ་རྗེ་པས། །བླ་མ་བཅུ་ཕྲག་ལྷག་པ་ལས། །རྗེ་ཡི་བཀའ་འབུམ་ཀུན་གྱི་ལུང་། །གསན་པ་གང་ནའང་དེ་འདྲ་མེད། །སྡོམ་རྒྱུན་ཡོད་པའང་བསྒྲུབ་བྱ་ཡིན། །གཞན་ཡང་མཐའ་གཞན་བཀག་པས་ཤེས། །དེས་ན་དེ་འདྲའི་ཆོ་ག་ནི། །གསར་དུ་གཞན་གྱིས་བྱས་པར་ངེས། །དབང་གི་སྔོན་དུ་ལྗོན་ཤིང་ལས། །སེམས་བསྐྱེད་ཆོ་ག་བཤད་ན་ཡང་། །ཕྱག་ལེན་ནུབ་པར་