R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨ན
[A:༨ན]བརྗོད་པའི། །རིགས་པ་རྣམས་ཀྱང་ལྟར་སྣང་ཞིང་། །བྱང་ཆུབ་སེམས་བསྐྱེད་མ་བྱས་པར། །སྔགས་ལམ་འཇུག་པ་མེད་ཅེས་པ། །ལམ་འབྲས་དུས་ཀྱི་དབང་བསྐུར་སྔོན། །སེམས་བསྐྱེད་སྔགས་ལུགས་ཞེས་བྱ་སོགས། །སྔར་སྲོལ་མེད་པའི་ཁྱད་ཆོས་རྣམས། །མ་བྱས་པ་ལ་སྐྱོན་བརྗོད་མོད། །དེས་ན་སྟ་གོན་དུས་སུ་སྔོན། །སེམས་བསྐྱེད་གུར་ནས་བཤད་པ་དང་། །དེའི་ཡང་སྔོན་དུ་སེམས་བསྐྱེད་ཚུལ། །དབང་ཆུའི་ཚིག་གི་ཟིན་གྱུར་ན། །དེ་དག་སེམས་བསྐྱེད་མིན་པའམ། །ཡིན་ཀྱང་དེ་འདྲའི་སེམས་བསྐྱེད་ཀྱི། །གོ་མི་ཆོད་པར་སྨྲ་ན་ནི། །ཡན་འགར་དབང་བསྐུར་བྱེད་ཚེ་ཡང་། །སེམས་བསྐྱེད་ཁྱད་ཆོས་བྱེད་དགོས་པས། །རྗེ་བཙུན་རྣམས་ལ་རྒོལ་བའི་ཕྱིར། །དེ་ལ་བདག་གི་ཅི་ཞིག་བྱ། །དེ་ནས་དྲི་ཚིག་གཉིས་པ་ནི། །ཐུན་མོང་ལམ་གྱི་སྔོན་འགྲོ་རུ། །དབང་བསྐུར་ངེས་པར་དགོས་པ་མཚར། །སྣང་གསུམ་ཐུན་མོང་ལམ་ཡིན་ན། །སྔགས་ལམ་ཁོ་ནར་འདོད་ནུས་སམ། །ནུས་ན་མདོ་རྒྱུད་ཐམས་ཅད་ཀྱི། །སྙིང་པོ་བསྡུས་པ་ཡིན་ནོ་ཞེས། །སྨྲ་བ་ནེ་ཙོའི་འདོན་པ་སྟེ། །མདོ་སྡེའི་སྙིང་པོ་གང་ལ་བྱེད། །སྔགས་ལམ་ཡིན་ན་སྨིན་གྲོལ་ལས། །གཞན་མེད་སྨིན་བྱེད་ཡིན་ནམ་ཅི། །གྲོལ་ལམ་ཡིན་ན་ལྟ་བ་ཡིས། །རྒྱས་ཐེབས་རིམ་གཉིས་འཁོར་བཅས་ལས། །རྒྱུད་གཞུང་ཀུན་ནས་བཤད་པ་མེད། །རིམ་གཉིས་གང་དུ་འདུ་བ་སྨྲོས། །ཁྲིད་ཚུལ་གཉིས་ཀ་མ་ཡིན་པའི། །ལམ་འབྲས་ཕུང་པོ་གསུམ་པ་ཞིག །རྒྱུད་གཞུང་དགོངས་པར་འཆད་ནུས་སམ། །ཟེར་བའི་ལན་དུ་མགོ་མཚུངས་དང་། །རྣལ་མའི་ལན་གཉིས་དང་པོ་ནི། །དེ་ལ་སྣང་