[A:༨༥བ]སློབ་དཔོན་དབང་རྫས་ལ། །བསྡུས་པ་ཕྱི་མ་སྦྱོར་བ་སྟེ། །དེ་ཡང་དབང་ཆུར་ཧཱུྃ་དང་ཨས། །རྡོར་དྲིལ་སྐད་ཅིག་བསྐྱེད་པ་ཡིན། །དེས་ན་ལམ་དུས་ཡི་གེ་དང་། །ངེད་ལུགས་འགལ་བ་མ་ཡིན་ནོ། །རྣམ་སྣང་དབང་རྫས་མེད་པ་དང་། །ཕྱི་མ་གཉིས་ལའང་གཞི་མེད་པས། །མི་འགལ་བརྫུན་ཟུབ་མ་ཡིན་ནམ། རང་ཉེས་སློབ་དཔོན་མ་བཀོད་ཅིག །རྡོར་དྲིལ་བསྐྱེད་ཆོག་རེ་འདྲ་བ། །མན་ངག་མེད་པའི་འོལ་སྤྱོད་ཙམ། །ལམ་དུས་དབང་གི་ཡིག་ཆུང་དང་། །ཁྱེད་ཀྱི་ལམ་དུས་མི་འགལ་ན། །དངོས་བསྟན་མིན་པར་ཡོངས་སུ་གྲགས། །ཤུགས་བསྟན་སྒྲུབ་བྱེད་སྨྲ་ན་ཡང་། །རང་བཟོ་མིན་པ་ཁྱེད་ལ་མེད། །དཔྱད་ན་འཁྲུལ་པར་ཤེས་བཞིན་དུ། །ད་དུང་ཕལ་ཆེར་རེ་དོགས་བྱེད། །ལུས་དཀྱིལ་འབྱུང་ཁུངས་མེད་པ་དང་། །ཞེས་པར་སྤྲོས་པ་འདི་ལྟར་ཟེར། །འབྱུང་ཁུངས་ཞེས་པ་རྟགས་ཀྱི་མཐར། །རྐྱེན་བྱིན་བསྒྲུབ་པས་བུདྡྷ་བཞིན། །བསྒྱུར་བས་སངས་རྒྱས་ལས་ཞེས་འབྱུང་། །སངས་རྒྱས་ལས་ནི་ཆོས་འབྱུང་ལྟར། །ཨྃ་ལས་རིན་འབྱུང་འབྱུང་ཞེས་འགྱུར། །ཨྃ་ཡིག་ལས་ནི་ལོགས་པ་ཡི། །རིན་འབྱུང་བསྒོམ་པ་འགལ་བ་སྟེ། །དཀྱིལ་འཁོར་སྐུ་བཞི་ལྷུན་གྲུབ་ཡིན། །ལྟེ་འཁོར་བཞི་ཡང་དེ་བཞིན་ཏེ། །ཨྃ་ཡིག་ཞལ་ཕྱག་རྣམ་པར་གྲུབ། །དེ་ཉིད་རིན་ཆེན་འབྱུང་ལྡན་ཡིན། །རིན་འབྱུང་ཡང་ནི་རྩ་ཡིག་གི །རྣམ་པར་གནས་པ་ཨྃ་ཡིག་ཡིན། །གོ་བས་ཨྃ་ལས་ལོགས་ཤིག་ཏུ། །རིན་འབྱུང་བསྐྱེད་པའི་དོགས་མི་དགོས། །ངག་འདོན་གང་བདེ་རུང་ཞེས་ཟེར། །ས་བོན་ཕྱིར་ན་ཨྃ་ཡིག་ལས། །ལོགས་སུ་རིན་འབྱུང་བསྒོམ་པའི་ཕྱིར། །འབྱུང་ཁུང་ཇི་སྐད་བཤད་བཞིན་འདོད།