R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༦ན
[A:༨༦ན] །ཕྱོགས་སྔ་མ་ལོང་རང་འདོད་བྲིས། །གཞན་དུ་ལུང་རིགས་གནོད་པ་ཡོད། །སྲས་དོན་མ་ལས་རྩ་མེད་ན། །སྤྲུལ་སྐུ་འབྱུང་བའི་རྒྱུ་མེད་ཅིང་། །ལམ་གྱི་གནས་བསྒྱུར་སྤྲུལ་སྐུར་འཆར། །དེ་བས་རང་བཞིན་ལྷུན་གྲུབ་དང་། །འགྱུར་རུང་གཉིས་དགོངས་རུ་ནི་རྩ། །སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་བཞག །དེ་ལྟར་ཡང་ཡང་རུང་ཞེས་བྱ། །རིགས་པ་ཨྃ་གི་ཡི་གེ་དེ། །རིན་འབྱུང་ཡིན་ན་སེར་སྣ་ཡི། །དྲི་བྲལ་མཉམ་ཉིད་ཡེ་ཤེས་འགྱུར། །དེས་ན་ཧཱུྃ་སོགས་བཞི་པོ་ཡང་། །ཡེ་ཤེས་བཞི་རུ་ཅི་མི་འགྱུར། །སེམས་ཅན་དྲི་བྲལ་ཡེ་ཤེས་ལྔ། །ལྡན་ཕྱིར་ཧ་ཅང་ཐལ་བར་འགྱུར། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ཞེས། །གྲགས་ཀྱང་གནད་འདི་ཤེས་པ་དཀོན། །འོན་ཏེ་རང་བཞིན་རྣམ་དག་ལ། །བསམ་ན་ཞལ་ཕྱག་རྣམ་པ་འགལ། །བསྒོམ་པའི་བློ་ངོ་ཡིན་ན་ནི། །གྲུབ་ཚིག་སྨོས་པ་འགལ་བ་ཡིན། །བསྒྲུབ་གཞི་རང་བཞིན་ལྷུན་གྲུབ་ཕྱིར། །ཕྱི་དཀྱིལ་དང་ནི་མི་འདྲ་ཞེས། །མཁས་མང་མཐུན་པར་ཁོ་བོས་མཐོང་། །ཁྱེད་ཀྱི་གོ་ལུགས་འདི་ལྟར་ན། །ལུས་དཀྱིལ་རྩོད་པའང་སྤང་བར་དཀའ། །གཞན་ཡང་འདི་ལྟར་སྨྲ་བར་བྱེད། །དང་པོའི་ལས་ཅན་འགའ་ཞིག་གིས། །གསར་དུ་བསྐྱེད་པའི་དོགས་བསལ་ཕྱིར། །ཡི་གེ་ལྷ་རུ་བསྒོམ་པར་གསུངས། །ལས་ཚིག་ནོར་ཞེས་འདོད་པ་མིན། །རྩེ་མོས་བྷྲུྃ་སོགས་ཕོ་བྲང་ལྔའི། །ས་བོན་བཤད་པ་དེ་ལྔའི་ལྷ། །ས་བོན་བསྐྱེད་ཚེ་བྷྲུྃ་སོགས་དང་། །ལུས་དཀྱིལ་ཡི་གེ་ལྷར་བསྒོམ་པ། །དོན་གཉིས་ཉུང་ངུའི་ཚིག་གིས་བསྟན། །བྷྲུྃ་སོགས་ལུས་དཀྱིལ་ས་བོན་དུ། །གང་དུའང་བཤད་པ་མེད་ཅེས་ཟེར། །ས་བོན་དང་ནི་