[A:༨༧ན]ཚེ་ན་རྫོགས་རིམ་དང་། །མན་ངག་སྐབས་སུ་ལུས་དཀྱིལ་བསྟན། །རྒྱུད་དོན་མ་གཉེར་ལུས་དཀྱིལ་སྟོན། །ཕྱག་རྒྱ་བཞི་པར་རྒྱས་གདབ་སྟོན། །འདི་ཙམ་ཟིན་སོ་གསལ་པོ་ཡིན། །གལ་ཏེ་རྫོགས་རིམ་ཉིད་བསྟན་ན། །འཁོར་ལོ་དྲུག་པ་གང་གིས་སྟོན། །ཕྱག་རྒྱ་བཞི་པར་འཁོར་ལོ་ལྔ། །རྫོགས་རྗེས་ཀུན་གྱི་དབང་སོགས་གསུངས། །དྲུག་པ་བསྟན་ཞེས་འོས་སྤྱོད་ཡིན། །སྲས་འཕགས་འགལ་སྤོང་ཁྱོད་བཞིན་འདོད། །སྲས་དོན་མ་ཡི་ཕྱི་མ་ནི། །དབུ་རྒྱན་རང་ཆས་དོན་ཡིན་ཟེར། །ཨ་སེང་མ་ལས་རྡོ་རྗེ་ཡི། །ཐེག་པ་དགོངས་པ་དུ་མ་ཞེས། །གསུངས་པ་འདི་ཉིད་མཐོང་ན་ཡང་། །མཁའ་འགྲོས་བྱིན་རླབས་བིརྺ་སོགས། །གྲུབ་ཐོབ་རྣམས་ལ་བརྟེན་དགོས་ཞེས། །འདི་འདྲ་མང་མཐོང་རྒྱུ་དོན་རྣམས། །རང་འགར་རྟོག་གེའི་རིགས་པས་འཆད། །བིརྺའི་སྙན་བརྒྱུད་ཟབ་མོ་རྣམས། །རྒྱུད་དང་རྒྱ་གཞུང་འགལ་ལོ་ཞེས། །འབྲེལ་མེད་ཚིག་འདི་གཞན་ལུགས་བཞིན། །སྙན་བརྒྱུད་ཡི་གེ་མེད་པའི་རྟགས། །དེ་ཡི་ཟིན་སོ་མཁས་པས་ཁྲེལ། །འཁོར་ལོ་དྲུག་པའང་ལྔ་པོ་བཞིན། །དོན་གྱིས་བསྟན་ཞིང་མ་བསྟན་ན། །ཁྱོད་ཀྱི་རྒྱུད་དོན་ཇི་ལྟར་རུང་། །ཁྱད་པར་རྒྱས་བཏབ་ཟུར་དུ་གསུངས། །འགལ་ཡང་སྙན་བརྒྱུད་ག་ལ་གནོད། །འཁོར་ལོ་དྲུག་པ་མན་ངག་ལུགས། །གདན་སོགས་ཡི་གེར་ཤིན་ཏུ་གསལ། །དབུ་རྒྱན་རང་ཆས་ཟེར་བ་དེ། །སྙན་བརྒྱུད་མེད་པའི་བབས་བཅོལ་ཡིན། །གསུང་ངག་མ་རྫོགས་རང་རིགས་སོགས། །རྒྱས་བཏབ་དགོས་པ་སྙིང་པོ་སྟེ། །ཞིབ་ཏུ་གསང་གཏམ་མི་སྒྲོག་གོ །བཟའ་བའི་དམ་ཚིག་མེད་པ་དང་། །ཞེས་