[A:༨༧བ]པར་ལན་འདེབས་འདི་སྐད་དུ། ལྗོན་ཤིང་ལས་བཤད་ཚོགས་འཁོར་གྱི། །དབྱེ་བས་ས་ལུགས་ཁྱབ་ན་ནི། །དཔའ་བོའི་སྟོན་མོའང་དེར་འགྱུར་རོ། །དེ་ནི་འཁོར་གསུམ་ལན་མེད་ཡིན། །དབྱེ་བ་ཐམས་ཅད་དངོས་ཡིན་ན། །རྣལ་འབྱོར་ཕོ་མོ་ཚོགས་པར་འགྱུར། །རབ་བྱུང་ཚོགས་འཁོར་མ་བྱས་ན། །རྩ་ལྟུང་འབྱུང་ན་ཀླུ་སྒྲུབ་སོགས། །རྩ་ལྟུང་ཅན་དུ་ཐལ་བར་འགྱུར། །དབྱེ་བ་ཐམས་ཅད་དབྱེ་གཞི་རུ། །ངེས་པར་འདོད་ན་བདེན་གཉིས་ཀྱི། །དབྱེ་གཞི་འཇིག་རྟེན་བློ་ཙམ་དང་། །ཤེས་བྱར་དོན་དམ་བདེན་པ་དང་། །ཁྱོད་ཀྱིས་ཁས་ལེན་དགོས་ཞེས་ཟེར། །འདོད་ལན་ཐེབས་པའི་ཐལ་འགྱུར་ལ། །འཁོར་གསུམ་རིགས་པ་ཤེས་པས་ཁྲེལ། །ཕོ་མོ་ཚོགས་པ་རྣམ་གཉིས་ཏེ། །གང་ཟག་ཕལ་ལ་གྲགས་པ་དང་། །རྡོར་སེམས་བསྒོམ་པའི་ཏིང་འཛིན་གྱི། །ལྷ་དགུ་ལ་སོགས་དཀྱིལ་འཁོར་དང་། །དཔའ་བོ་དཔའ་མོ་རྣམས་ཀྱང་ཡོད། །དེ་ལྟ་མིན་ན་ཚོགས་འཁོར་གྱི། །ཚིམ་པ་ལྔ་ཡང་དཀའ་བར་གནས། །རྩ་ཁམས་དཔའ་བོ་དཔའ་མོ་རུ། །གདོད་ནས་གྲུབ་པར་ཁྱོད་ཉིད་འདོད། །གཞན་ཡང་ཚོགས་འཁོར་རྩོད་སྤོང་ལས། །ཕྱི་ནང་མཁའ་འགྲོ་ཞེས་ཀྱང་གསུངས། །རྩ་ལྟུང་འབྱུང་དང་མི་འབྱུང་བ། །ཀླུ་སྒྲུབ་ལ་སོགས་སྡོམ་ལས་གྲོལ། །དེ་ལྟ་མིན་ན་དེ་བཞིན་འབྱུང་། །འོན་ཀྱང་ལུགས་གཉིས་སོ་སོར་ངེས། །བུ་རམ་ཕྱི་དྲོར་འདོད་པ་དང་། །མི་འདོད་འགལ་བ་མེད་པ་བཞིན། །གཅིག་ཏུ་ངེས་ན་ཧ་ཅང་ཐལ། །དོན་དམ་ཤེས་བྱར་ཁས་ལེན་པས། །དཔེ་དེ་ད་དུང་བསྒྲུབ་བྱ་ཡིན། །གཞན་ཡང་སྤྲོས་པ་འདི་སྐད་ཟེར། །ཚོགས་འཁོར་མཚན་ཉིད་རྗེས་མཐུན་པ། །དྲུག་པ་དངོས་སུ་