[A:༨༩ན]ཁྲེལ། །འཁྲུལ་སྤོང་དོན་ཡང་དང་པོ་ཡི། །ལས་ཅན་རྣམས་ཀྱིའང་རུང་བ་སྟེ། །ལྗོན་ཤིང་ཉིད་ལས་དམ་ཚིག་དང་། །ཚོགས་འཁོར་གནས་དང་གང་ཟག་གསུམ། །ཆོས་རྗེས་ཚོགས་འཁོར་རྩོད་སྤོང་ལས། །གནས་དང་མདུན་བསྐྱེད་ཚོགས་འཁོར་དུས། །བཟོད་གསོལ་སྐབས་དང་རྣམ་པ་བཞིར། །ལས་ནི་དང་པོ་ཞེས་བྱ་བ། །ཁུ་དབོན་གཉིས་ཀྱི་གསུངས་པ་འདི། །ལོག་རྟོག་བྲག་རི་འཇོམས་པའི་ཐོག །ཚིམ་པ་དྲུག་པའང་རྣམ་གཉིས་ཏེ། །ཕྱག་རྒྱ་བསྟེན་དང་ཏིང་འཛིན་གཉིས། །ཕྱི་མ་ཌོམྦྷི་ཧེ་རུ་ཀས། །མར་དང་མར་གྱི་ཉིང་ཁུ་ཡིས། །སྙིང་ཁ་རུ་ནི་བྱུག་པར་བྱ། །ཇི་སྐད་གསུངས་པ་དེ་བཞིན་གསུངས། །དེས་ན་ཞིབ་ཏུ་མ་བལྟས་པར། །རྦད་ཆོད་སྔས་ན་རང་ཉིད་འབེབས། །རིགས་པ་ཚོགས་འཁོར་མཆོག་དབང་མཚུངས། །དེ་ཕྱིར་རྒྱུ་ལམ་མཚན་ཉིད་པ། །རབ་བྱུང་ཉམས་ལེན་མི་འདོད་དམ། །གལ་ཏེ་ཤ་ཆང་དངོས་སུ་ཡིན། །མཆོག་དབང་ཏིང་འཛིན་དཀྱིལ་འཁོར་ཕྱི། །མཚུངས་མིན་སྙམ་ན་དགེ་སློང་ལ། །ས་བརྐོ་མེ་རེག་ལ་སོགས་དང་། །དབང་དུས་གཞུ་སོགས་འགོག་གམ་ཅི། །དགོས་པ་གཙོ་ཕྱིར་དེ་མཐོང་ཚེ། །ཉེས་མེད་ཞེས་ནི་རྗེ་བཙུན་བཞེད། །མདོར་ན་ཚོགས་འཁོར་འཆད་སྐབས་དང་། །དང་པོའི་ལས་ཅན་རབ་བྱུང་དང་། །མེད་མི་རུང་བ་ཤ་ཆང་དང་། །ཀུན་ནས་མཚུངས་པའི་རིགས་པ་སོགས། །གཏན་ཚིགས་བཟང་པོ་འདི་མཐོང་ཕྱིན། །གཞན་ལུགས་བསྲེས་ནས་སྙན་བརྒྱུད་ཀྱི། །གདམས་པ་འགོག་པའི་བབས་བཅོལ་རྣམས། །ཉུང་ན་ཚོགས་ཀྱི་བསོད་ནམས་འཕེལ། །དེས་ན་ཁྱེད་ཀྱིས་བཤད་པ་རྣམས།