R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༡ན
[A:༩༡ན]ནས་དིང་སང་གི་བར་དུ་ཚིག་དོན་གྱི་ཆ་ཐམས་ཅད་སྙན་བརྒྱུད་ཡིན་པ་རྗེ་བཙུན་གོང་མ་རྣམས་དང་རྗེས་འབྲང་ཚད་ལྡན་དག་གིས་ཡི་གེར་བཀོད་པ། ཚིག་གི་ལྷད་མེད་པ། ངན་རྟོག་གི་དྲི་མ་བྲལ་བ། རང་བཟོའི་རྟོག་རྟགས་ཀྱིས་ཟིན་བྲིས་སྤངས་པ། རྩ་ཁྲ་འཕྲོས་གསུམ་དུ་གྲགས་པ་འདི་ཉིད་གཞུང་ཁྲིད་རྒྱས་པ་ཉིད་ཀྱི་སྟེང་དུ་དྲིལ་ཏེ། དེ་ཡང་སྣང་བ་གསུམ་ནི་ཕར་ཕྱིན་རང་རྐང་དུ་མཛད་ལ། དེའི་རྗེས་སུ་བརྒྱུད་པ་གཉིས་ཀྱི་ལུགས་སུ་བྱས་པའི་སེམས་བསྐྱེད་ཀྱི་ཆོ་གའམ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ཆོས་རྗེ་པས་མཛད་པ་གང་རུང་གིས་བྱང་ཆུབ་སེམས་དཔའི་སྡོམ་ལྡན་དུ་མཛད་ནས་བཟོད་དབང་བསྐུར་ཏེ་སྔགས་ལ་འཇུག་པར་མཛད་དོ། །ད་ནི་ཕྱོགས་ཕྱི་མའི་དགོངས་པ་བརྗོད་པར་བྱ་སྟེ། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཆེ་བ་སད་མི་མི་བདུན་དང་། གཡོ་དམར་གཙང་གསུམ་ལ་སོགས་པ་དགེ་བའི་བཤེས་གཉེན་གྱི་རིགས་སུ་འཁྲུངས་པ་དང་། ས་ལམ་གྱི་ཡོན་ཏན་ཕལ་ཆེར་བགྲོད་དེ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ནས་གངས་ཅན་གྱི་ལྗོངས་སུ་སྐྱེ་བ་བཞེས་པ། རྡོ་རྗེ་ཐེག་པ་ལ་མཁས་པའི་མཆོག་ཏུ་གྱུར་པ། ཁྱད་པར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཁུ་དབོན་རྣམས་ཀྱི་གསུང་རབ་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ནས་འགལ་མེད་དུ་རྟོགས་ཞིང་འཁྲུལ་མེད་དུ་སྨྲ་བའི་སྤོབས་པ་ཅན། རྣལ་འབྱོར་གྱི་དབང་ཕྱུག་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཕྱོགས་སྔ་མའི་ལུགས་སྲོལ་དེ་དག་གོང་མའི་གསུང་དང་འགལ་ཞིང་། རང་བཟོའི་དྲི་མས་སླད་པས། ཟབ་མོའི་མན་ངག་མེད་པའི