R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༡བ
[A:༩༡བ]་ཕྱིར་ཐར་འདོད་དད་བརྩོན་ཤེས་རབ་དང་ལྡན་པའི་གདུལ་བྱ་དག་བསླུ་བར་གཟིགས་ནས། དེ་དག་ལ་ཐུགས་བརྩེ་བ་དང་། སྙན་བརྒྱུད་ཟབ་མོ་མི་ནུབ་པར་བྱ་བའི་ཕྱིར་རྣམ་པར་བཤད་པའི་ཆུ་རྒྱུན་ལ་སོགས་པ་བསྟན་བཅོས་ཆེན་པོ་མང་པོ་དག་བརྩམས་སོ། །དེ་དག་ལས་འདིར་ནི། སེམས་བསྐྱེད་བརྒྱུད་པ་མེད་པ་དང་། །ཞེས་པ་ནས། དེ་ཀུན་འདི་རྒྱུ་དགག་པར་བྱ། །ཞེས་པའི་བར་མི་འཐད་པའི་ཕྱོགས་བརྒྱད་སྨོས་ནས། ལུང་རིགས་མན་ངག་གི་སྒོ་ནས་སུན་ཕྱུང་སྟེ་ཆོས་དང་མཐུན་པའི་ལན་མེད་པར་བྱས་སོ། །འོན་ཀྱང་། དཀོན་མཆོག་གསུམ་གྱི་གདུང་སོབ་པ། འཕྲིན་ལས་ཀྱི་མཛད་པ་ལྷུན་གྲུབ་པ། རྗེ་ངོར་པ་ཉིད་ཀྱི་གདན་སར་བྱོན་པ། དགོངས་པ་བསྒྲུབ་པ་ལ་ཁུར་འཁུར་བ། ཡོངས་ཀྱི་བཤེས་གཉེན་ཆེན་པོ་དེ་ཉིད་ཀྱིས་ཚངས་པའི་རིགས་སྔགས་ཞེས་བྱ་བའི་ལན་བྱས་སོ། །དེ་ལ་ཕལ་ཆེར་ནི་མི་འབྱར་བའི་ལུང་དང་། མི་འཇུག་པའི་རིགས་པར་སྣང་ལ། འགའ་ཞིག་ནི་ནན་གྱིས་འདོད་དགོས་པའི་ཀླན་ཀ་དང་། ཤས་ཆེར་ཆོས་དང་མི་མཐུན་པའི་ཚིགས་བཅད་དང་དམའ་འབྱིན་པའི་ངན་སྨྲས་སུ་གོ་ཞིང་། ཁ་ཅིག་ནི་ཟོལ་སྦྱོར་གྱི་ངག་དང་། ལ་ལ་ནི་དོན་གྱི་ཁས་བླངས་པར་ཡང་སྣང་བས། ཡང་དག་པར་ན་ལན་དགོས་པར་མི་འདུག་མོད། དེ་ལྟ་ན་ཡང་རང་ཉིད་བླ་མ་རྣམས་ཀྱི་བཀའ་དྲིན་དྲན་ཞིང་། ཡིད་ཆེས་པ་བཏབ་པར་བྱ་བ་དང་། བློ་གྲོས་ཀྱི་སྣང་བ་བསྐྱེད་པའི་ཕྱིར་ཆགས་སྡང་སྤངས་ཏེ་འདི་བྲི་བ་ལ་སྐྱོན་མེད་དོ། །དེ་ལ་གནས་སྐབས་བརྒྱད་དུ་བརྒལ་ལན་ངོས་བཟུང་ནས་དངོས་ལན་ཁོ་ན་བྱས་པས། ཆོས་དང་མཐུན་ཞིང་གཞན་དག་ལ་ཆགས་སྡང་སྤང་གི་སྣང་བ་མི་བསྐྱེད་