R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢ན
[A:༩༢ན]པ་ཡིན་ནོ། དེས་ན་སེམས་བསྐྱེད་ཀྱི་སྐབས་སུ། རིགས་སྔགས་མཁན་པོ་ན་རེ། སེམས་བསྐྱེད་ཀྱི་ཡི་གེ་དེ་གསར་དུ་བརྙེད་པ་དང་། དེ་ལ་ལུང་གི་བརྒྱུད་པ་མེད་པ་ཡིན་དུ་ཆུག་ཀྱང་། དེས་སེམས་བསྐྱེད་ཀྱི་སྡོམ་རྒྱུན་མེད་པར་དབང་གི་འབྱོར་པ་སུས་བསྒྲུབ་པར་ནུས་པ་མ་ཡིན་ཏེ། སྤྱིར་རྒྱུད་སྡེ་ནས་བཤད་པའི་དབང་གི་སྔོན་དུ་འགྲོ་བའི་སེམས་བསྐྱེད་ཅིག་མི་འདོད་ན་ནི་ཤིན་ཏུ་སྐལ་བ་དམན་ལ། འདོད་ན་སངས་རྒྱས་ནས་རྗེ་རྩེ་མོ་ཡན་ལ་ཡི་གེ་དེ་གཏན་མེད་ཀྱང་། དེའི་བརྗོད་བྱ་དང་མཐུན་པའི་སེམས་བསྐྱེད་ཀྱི་སྡོམ་པའི་རྒྱུན་ཡོད་པ་དང་། རྗེ་བཙུན་ནས་ཁོ་བོ་ཅག་གི་རྗེ་ཐམས་ཅད་མཁྱེན་པའི་བར་ལ་ཡང་བདེ་ཀྱཻ་གཉིས་ཀྱི་དབང་གི་སྔོན་དུ་ཡི་གེ་དེ་དང་མཐུན་པའི་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པའི་ཕྱག་ལེན་གྱི་ཆོ་ག་མ་ནོར་བ་ཡོད་པས། ཕྱག་ལེན་དང་མཐུན་པའི་ཡི་གེ་སུ་ཞིག་གིས་བྱས་ཀྱང་དེའི་སྟེང་ནས་ཆོ་ག་བྱེད་དུ་རུང་བ་ཡིན་ཏེ། དཔེར་ན་རྩེ་མོའི་དབང་ཆུའི་ལུང་མ་ཐོབ་ཀྱང་མན་ངག་ལུགས་ཀྱི་དབང་ཕྱིན་ཅི་མ་ལོག་པར་ཐོབ་པའི་རྡོ་རྗེ་སློབ་དཔོན་ཞིག་གིས་དབང་ཆོག་དེའི་སྟེང་ནས་དབང་བསྐུར་བྱས་ཆོག་པ་དང་། ཀརྨ་ཤ་ཏཾ་ལྟ་བུའི་སྟེང་ནས་སྡོམ་པ་ཐོབ་ལ་མ་ཉམས་པའི་མཁན་པོ་ཞིག་གིས་ལས་ཆོག་གོ་ཆོད་པོ་གང་ཡང་རུང་བ་ཞིག་གི་སྟེང་ནས་སྡོམ་པ་ཕོག་པས་ཆོག་པ་ཞིག་སྟེ། སྙན་བརྒྱུད་ཡི་གེར་བྲིས་པ་ཐམས་ཅད་ལ་འདིས་མཚོན་ནོ་ཞེས་ཟེར་རོ། །དེ་ནི་མ་བརྟགས་པའི་ལན་ཏེ། སུ་ཞིག་གིས་བྱས་པར་མ་ངེས་པའི་ཆོག་བསྒྲིགས་ཀྱི་ཡི་གེ་དེ་ཆོས་རྗེ་ཁུ་དབོན་ཙམ་གྱི་རྗེས་སུ་བྱུང་ན་ནི་དེའི་སྟེང་ནས་ཆོ་ག་བྱས་པའི་ཕྱིར་གསུང་བགྲོས་དང་བཅས་