R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢བ
[A:༩༢བ]པའི་ངེས་པ་ཡོང་བ་རིགས་པ་ལ་མེད་པའི་ཕྱིར་དང་། རྗེས་ཕྱི་མོ་ནས་བྱུང་བ་ཡིན་ན་རྩ་བ་མེད་པའི་ཡན་ལག་ཡང་མི་རིགས་པའི་ཕྱིར་དང་། བར་སྐབས་དེར་ཕྱག་དཔེ་འདི་ལ་རྟེན་བྱ་བ་ཙམ་ཡང་མ་བྱུང་བས་མི་འཐད་པའི་ཕྱིར་དང་། སྙན་བརྒྱུད་ཡིན་ཞེས་པ་ཡང་གྱི་ན་ཙམ་ཡིན་ཏེ། རྗེ་ནཱ་རོ་པའི་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག །བིརྺ་པའི་ལུགས་ཀྱི་སྙན་བརྒྱུད་དུ་སྨྲ་བ་བཞད་གད་ཀྱི་གནས་ཡིན་པའི་ཕྱིར། བདེ་ཀྱཻ་གཉིས་ཀྱི་དབང་གི་སྔོན་དུ་ཡི་གེ་དེ་དང་མཐུན་པའི་སེམས་བསྐྱེད་བྱེད་ཅེས་པ་ཡང་། སྔགས་སྡོམ་གྱི་སྔོན་དུ་བྱང་སྡོམ་དགོས་པའི་བསྟན་པ་སྤྱིའི་བབས་འགྲོས་ཀྱི་སྨྲ་བ་ལ་བརྟེན་ནས་བསྒྲིགས་པ་སྟེ། དེ་ལྟར་ན་བྱང་སྡོམ་གྱི་སྔོན་དུ་སོ་ཐར་དགོས་པས། སྐབས་དེར་གསོལ་བཞིའི་ཆོ་ག་ལ་བརྟེན་པའི་བསྙེན་རྫོགས་རེ་ཡང་མཛད་པ་ཞུ་ཅིག དེས་ན་སམྦུ་ཊི་ལས། སྐྱབས་སུ་འགྲོ་བའི་རིམ་པ་ཡིས། །ཤིན་ཏུ་ལེགས་པར་སྦྱངས་ནས་ནི། །སྔགས་དང་རྒྱུད་ཀྱི་རིམ་པ་ཡིས། །གསང་བའི་དེ་ཁོ་ན་ཉིད་བསྒྲག །ཞེས་གསུངས་པས་དཀྱིལ་འཁོར་དུ་འཇུག་པའི་སྔོན་དུ་སྐྱབས་སུ་འགྲོ་ཞིང་། སེམས་བསྐྱེད་པ་ཙམ་མཛད་ཅེས་གསུངས་མོད་ཕྱག་ལེན་གྱི་རིམ་པ་མི་སྣང་ངོ་། །འོན་ཀྱང་འགལ་བ་ཡོད་པ་མིན་ཏེ། སྟ་གོན་གྱི་སྐབས་སུ་འབྱུང་བས་སོ། །དེས་མི་རུང་བ་ཡང་མིན་ཏེ། ཁྲིད་ཀྱི་ཚེ་མ་རྟོགས་ཁྱེད་རང་ཡང་ཕྱག་ལེན་ཏལ་མ་ལ་མི་བྱེད་པ་ཡིན་པས་སོ། །རྗེས་འཛིན་གྲངས་ངེས་ཀྱི་སྐབས་སུ་རིགས་སྔགས་མཁན་པོ་ན་རེ། སྤྱི་རྒྱུད་ནས་བཤད་པའི་རྗེས་འཛིན་གྱི་རྣམ་གཞག ལམ་འབྲས་ནས་བཤད་པའི་རྗེས་འཛིན་བཤད། དང་པོ་ནི་སྤྱི་རྒྱུད་ལས། སའི་ཆོ་ག་བསྟན་པའི་རྗེས་