[A:༩༣ན]སུ། ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །དེ་ནས་སློབ་མ་ཡོངས་སུ་བཟུང་། །བུ་མོ་གཞོན་ནུའི་བཀལ་བའི་སྐུད། །བླངས་ནས་བཞི་བཅུ་རྩ་དགུ་བཟླས། །སློབ་མ་རྣམས་ནི་བློས་བསམ་ནས། །མཉམ་པར་གཞག་པས་མདུད་པ་བོར། །དེ་ལྟར་སློབ་མ་ཡོངས་བཟུང་ན། །ལས་ལ་བགེགས་ནི་མེད་པར་འགྱུར། །ཞེས་པ་སློབ་མ་རྗེས་འཛིན་དངོས་བསྟན། །ཅེས་དང་། མཁས་པས་སློབ་མ་གཅིག་གམ་གསུམ། །ཞེས་པ་ནས། སྟ་གོན་གནས་པར་བརྩམས་པར་བྱ། །ཞེས་པའི་བར་གྱིས་སློབ་མའི་གྲངས་དང་ལུས་ཀྱི་སྤྱོད་ལམ་བསྟན། ཅེས་པ་དང་། གཉིས་པ་ནི་དབང་ཆུར་དབང་བསྐུར་དོན་དུ་གཉེར་བའི་སློབ་མ་ལ། སྔགས་གསང་སྔགས་ལ་ཞུགས་པ་དང་། ཐེག་ཆེན་གྱི་སྒོར་ཞུགས་པ་དང་། ཞེས་སོགས་ལུགས་སྲོལ་ཐ་དད་དུ་བརྗོད་ནས། རྒོལ་བ་ཁྱོད་ཀྱི་རྗེས་བཟུང་ནི་ལག་ལེན་དེ་བཤད་མ་ཐག་པ་གཉིས་པོ་གང་ཡིན། ཞེས་སྐྱོན་བརྗོད་ནས་ཁོ་བོ་ཅག་གི་རྗེས་འཛིན་གྱི་རྣམ་གཞག་རྗེ་བཙུན་གོང་མས་བཤད་པ་དེ་ལྟར་འདོད་ལ། ཞེས་པ་དང་། དེ་ལྟ་ན་ཡང་དབང་ཆུའི་དངོས་བསྟན་དང་འགལ་ལོ་སྙམ་པའི་ཚེར་མ་ཁོང་དུ་སྦེད་དགོས་པ་མ་ཡིན་ཏེ། དེར་གྲངས་ངེས་བཤད་པ་དེ་སྤྱི་ཁྱབ་ཏུ་སྦྱར་མི་དགོས་པས་ཉེས་པ་དེ་ཤིན་ཏུ་སྤངས་པའི་ཕྱིར་རོ། །ཇི་ལྟར་ན་ལུང་དང་རིགས་པ་གཉིས་ཀྱི་སྒོ་ནས་སོ། ལུང་ནི་རྣམ་སྣང་མངོན་བྱང་ལས། གཅིག་གཉིས་བཞི་ལས་ལྷག་ཀྱང་རུང་། །སྤྱད་མི་དགོས་པར་བཟུང་བར་བྱ། །ཞེས་དང་། སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བའི་དབང་དུ་བྱས་ཏེ། བྱང་ཆུབ་