R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༥བ
[A:༩༥བ]ནས། སྣང་གསུམ་ཁྲིད་ཀྱི་སྔོན་དུ་དབང་བསྐུར་ངེས་པར་དགོས་པ་གྲུབ་པའི་མཐར་བྱས་པ་དེ་ལ་འདི་འདྲི་སྟེ། ཁྱེད་ཀྱི་ཁྲིད་དེ་སྐལ་ལྡན་ཅིག་ཅར་བའམ། སྐལ་དམན་རིམ་འཇུག་པ་གང་གི་ལམ་རིམ་ཡིན། དང་པོ་ལྟར་ན། གང་ཟག་དེ་ཁྲིད་པའི་ལམ་རིམ་ལ། དབང་དང་རིམ་གཉིས་ཡན་ལག་དང་བཅས་པའི་བར་དུ་སྣང་གསུམ་ཁྲིད་ཀྱི་སློབ་མ་དཀྲི་བ་ངེས་པར་བྱེད་དགོས་པ་མ་ཡིན་ཏེ། དེ་འདྲ་བའི་གང་ཟག་ལ་ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱངས་མི་དགོས་པར། དང་པོ་ཉིད་ནས་དབང་རིམ་གཉིས་འབྲེལ་པ་ཅན་དུ་བྱས་ཆོག་པ་རྒྱུད་སྡེའི་དགོངས་པ་ཡིན་ཞེས་དང་། ཕྱི་མ་ལྟར་ན་གང་ཟག་དེ་ལ་དང་པོ་ཉིད་ནས་དབང་མི་བསྐུར་བར། ལམ་ཐུན་མོང་བས་རིམ་གྱིས་དཀྲི་སྟེ། ཕྱིས་སྣོད་རུང་དུ་གྱུར་པ་ན་དབང་གིས་སྨིན་པར་བྱེད་དགོས་ཀྱི། ཞེས་སོགས་མང་དུ་སྨྲ་བར་བྱེད་དོ། །དེ་ལ་སྙན་བརྒྱུད་ཟབ་མོའི་དོན་གོ་བར་མི་འགྱུར་བས་མགོ་བསྒྲེ་བའི་ལན་འདི་བརྗོད་པར་བྱ་སྟེ། ཁྱེད་ཀྱིས་གཞུང་ཁྲིད་རྒྱས་པ་ལན་གཉིས་སློབ་མ་ལ་འཆད་པའི་ཚེ། ལན་གཉིས་པའི་གཞུང་ཁྲིད་དེ་སྐལ་ལྡན་གཅིག་ཅར་བའི་ལམ་མམ། སྐལ་དམན་རིམ་འཇུག་པའི་ལམ་གང་ཡིན། དང་པོ་ལྟར་ན་རིམ་གཉིས་ཡན་ལག་དང་བཅས་པའི་བར་དུ་སྣང་གསུམ་གྱིས་དཀྲི་དགོས་པ་མ་ཡིན་ཏེ། དང་པོ་ཉིད་ནས་དབང་དང་རིམ་གཉིས་འབྲེལ་པ་ཅན་དུ་བྱས་ཆོག་པ་རྒྱུད་སྡེའི་དགོངས་པ་ཡིན་པའི་ཕྱིར། ཞེས་གསུངས། གཉིས་པ་ལྟར་ན་སྐལ་ལྡན་གཅིག་ཙར་བ་དབང་དང་རིམ་གཉིས་ཀྱིས་དཀྲིས་ཟིན་ནས། སླར་སྐལ་དམན་རིམ་འཇུག་པའི་ལམ་གྱིས་དཀྲི་བ། ཁྱེད་རང་ལྟར་ན་རུང་བ་མ་ཡིན་ཏེ། གཞན་ཡང་དབང་བསྐུར་