[A:༩༦ན]ཟིན་པའི་སློབ་མ་ལ་སྣང་གསུམ་གྱི་ཁྲིད་ཕོག་ན་རྩ་ལྟུང་འབྱུང་བར་བཤད་པ་དེ་ཡང་དྲན་པར་གྱིས་ལ་ལན་གསུངས་ཤིག ཁྱེད་ཀྱི་བཤད་པ་ནི་དེ་འདྲ། ལག་ལེན་ནི་དེ་འདྲ་ན། གཟུ་བོར་གནས་པའི་བློས་དཔྱོད་ཅིག སྟ་གོན་གྱི་སྐབས་སུ་རིགས་སྔགས་མཁན་པོ་ན་རེ། སྣང་གསུམ་གྱི་ལམ་གྱིས་དཀྲིས་ཟིན་པའི་སློབ་མ་བརྒྱ་ཕྲག་གི་གྲངས་ལས་བརྒལ་བ་དེ་དག་གྲངས་ངེས་མེད་པར་རྗེས་བཟུང་ཚུལ་བཞིན་དུ་བྱ་རུང་བར་གྲུབ་ཅིང་། དེ་ལྟར་རྗེས་སུ་བཟུང་བའི་སློབ་མ་དེ་དག་གི་དོན་དུ་བཞེངས་པའི་དཀྱིལ་འཁོར་དེ་དང་། ཚོགས་དེ་དག་ཤིན་ཏུ་འབྲེལ་བའི་ཕྱིར་དང་། ས་ལྷ་སྟ་གོན་དང་། ལྷ་སྟ་གོན་བྱ་བའི་སྐབས་ཀྱི་དོན་ནི། ས་ཕྱོགས་དེར་དཀྱིལ་འཁོར་བཞེངས་སུ་རུང་བ་དང་། སློབ་མའི་ཆེད་དུ་དཀྱིལ་འཁོར་བྲིས་ཏེ་གཞན་དོན་བྱ་བའི་སྣང་བ་ཞུ་བ་དང་། བྱིན་གྱིས་རླབས་པའི་ཆེད་ཡིན་ལ། དེ་ཙམ་གྱི་སྐབས་དོན་སྟོན་གཅིག་པུ་དེས་གྲུབ་ཟིན་པའི་ཕྱིར། བུམ་པ་སྟ་གོན་དང་། སློབ་མ་སྟ་གོན་ཇི་ཙམ་སྐབས་སུ་བབས་པ་དེའི་ཚེ་བྱས་པས། དབང་བསྐུར་ཞུ་བ་པོའི་སློབ་མ་ཇི་སྙེད་པ་དེ་དག་ལ་དབང་གི་མངོན་པར་རྟོགས་པ་བརྒྱད་ཆར་ཚང་བས་སྨིན་བྱེད་དུ་མི་རུང་བའི་དོགས་པ་སྐྱེ་དོན་མེད་ལ་ཞེས་ཟེར་རོ། །འདི་ནི་རྒྱ་བོད་ཀྱི་རྡོ་རྗེ་འཛིན་པ་རྣམས་ལ་མེད་པའི་གྲུབ་མཐའ་སྟེ། ཁྱོད་ཀྱི་དབང་བསྐུར་ཕྱི་མ་རྣམས་ལ་བདག་བསྐྱེད་ཀྱང་མི་དགོས་པར་འགྱུར་ཏེ། བདག་བསྐྱེད་བྱས་པའི་དགོས་པ་སྐབས་དོན་ནི་བདག་ཉིད་ལྷར་བསྐྱེད་པ་ཡིན་ལ། དེ་ཙམ་གྱི་སྐབས་དོན་བདག་བསྐྱེད་གཅིག་པུ་དེས་གྲུབ་ཟིན་པར་མཚུངས་པའི་ཕྱིར། མདུན་བསྐྱེད་བསྒྲུབ་པ་ཡང་མི་དགོས་