R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༧བ
[A:༩༧བ]པར་འགྱུར་ཏེ། མདུན་བསྐྱེད་བསྒྲུབ་པའི་སྐབས་དོན་ནི། དབང་ལེན་པའི་ཡུལ་གསལ་འདེབས་པའི་དམིགས་རྟེན་ཡིན་ལ། དེ་ཙམ་གྱི་སྐབས་དོན་མདུན་བསྐྱེད་གཅིག་པུ་དེས་གྲུབ་ཟིན་པར་མཚུངས་པའི་ཕྱིར། དེ་ལ་མཆོད་པ་ཡང་མི་དགོས་པར་འགྱུར་ཏེ། མཆོད་པའི་དགོས་པ་ནི་བསོད་ནམས་ཀྱི་ཚོགས་བསོག་པ་ཡིན་ལ། དེ་ཙམ་གྱི་སྐབས་དོན་མཆོད་པ་ཚར་གཅིག་པོ་དེས་གྲུབ་ཟིན་པར་མཚུངས་པའི་ཕྱིར། བདག་ཉིད་འཇུག་ཅིང་དབང་བླང་བ་ཡང་མི་དགོས་པར་འགྱུར་ཏེ། དེའི་སྐབས་དོན་ནི། དམ་ཚིག་གི་ཉེས་པ་བསལ་བ་སློབ་མ་བྱིན་གྱིས་བརླབ་པའི་ཕྱིར་ཡིན་ལ། དེ་ཙམ་གྱི་སྐབས་དོན་འཇུག་ཅིང་དབང་བླང་བ་གཅིག་པོ་དེས་གྲུབ་ཟིན་པར་མཚུངས་པའི་ཕྱིར། བུམ་པ་སྟ་གོན་ཡང་མི་དགོས་པར་འགྱུར་རོ། །བུམ་པ་སྟ་གོན་བྱས་པའི་སྐབས་དོན་ནི་དབང་བསྐུར་བའི་ཕྱིར་ཡིན་ལ། དེ་ཙམ་གྱི་སྐབས་དོན་སྟ་གོན་གཅིག་པོ་དེས་འགྲུབ་པར་མཚུངས་པའི་ཕྱིར། དེ་དག་མི་མཚུངས་པར་སྒྲུབ་བྱེད་མེད་པའི་ཕྱིར། སྐབས་དོན་གྲུབ་ཀྱང་ཆོ་ག་ཁ་ལག་ཚང་བའི་ཕྱིར་ཡིན་ན། ས་ལྷ་སྟ་གོན་ལ་ཡང་ཅིའི་ཕྱིར་མི་མཚུངས། གལ་ཏེ་དངོས་གཞིའི་སྔོན་འགྲོ་གཏོར་མ་ནས། མཇུག་གི་བྱ་བའི་བར་ཆོ་ག་ཚར་གཅིག་ཡིན་པས་མི་མཚུངས་སོ་སྙམ་ན། མཚུངས་ཏེ། དབང་གི་ཆོས་བརྒྱད་པོ་དེ་དག་ཆོ་ག་ཚར་པ་གཅིག་ཡིན་ལ། རྗེས་བཟུང་། བསྙེན་པ། ས་ཆོག་གསུམ་ནི་ཆོ་ག་དེའི་ཡན་ལག་ཡིན་པས། དབང་བསྐུར་བ་མན་ཆད་དུ་མི་དགོས་ལ། ལྷག་མ་ལྔ་ནི་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་ཚར་བ་གཅིག་ཡིན་པས་དུས་ཐམས་ཅད་མཚུངས་སོ། །གཞན་ཡང་ཚེ་སྟོད་ལ་