R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༨ན
[A:༩༨ན]ཤིག ཅིའི་ཕྱིར་ན་དབང་ལམ་གྱི་རྩ་བ་ཡིན་པས་སོ། །ཡང་འདི་ལྟར་འདོད་དེ། དངོས་གཞི་སྒྲུབ་མཆོད་ཀྱིས་མཚུངས་པ་བྱེད་པ་ནི་བླུན་པོའི་རིགས་པ་སྟེ། དེ་གཉིས་མི་མཚུངས་པའི་ཕྱིར། ཇི་ལྟར་མི་མཚུངས་སྙམ་ན། སློབ་མ་དབང་བསྐུར་དང་། རང་གི་བདག་འཇུག་ལེན་པ་གཉིས་ཀ་ལ་གང་ལས་དབང་བའི་ཡུལ་དཀྱིལ་འཁོར་ཚུལ་བཞིན་དུ་བསྒྲུབ་དགོས་ལ། དེ་ལྟ་བུའི་དཀྱིལ་འཁོར་བསྒྲུབ་པ་དང་། བདག་འཇུག་ལེན་པ་དང་། སློབ་མ་ལ་དབང་བསྐུར་བ་གསུམ་ཆོ་ག་རིགས་མི་མཐུན་གཞན་གྱིས་བར་མ་ཆད་པ་འབྲེལ་ཆགས་སུ་དགོས་པས་སོ། །དེ་ལྟར་སྟ་གོན་ལའང་མཚུངས་སོ་ཞེ་ན། སྟ་གོན་དང་དངོས་གཞི་སྒྲུབ་མཆོད་གཉིས་ཀྱི་བར་དུ་ལྷའི་རྣལ་འབྱོར་གཞན་དང་། ཆོ་ག་གཞན་བྱ་མི་རུང་བར་ཁྱོད་ཁས་ལོངས་ཤིག་ཟེར་རོ། །མཁས་པ་ཆེན་པོ་ཉོན་ཅིག དངོས་གཞི་སྒྲུབ་མཆོད་སོགས་དང་མཚུངས་པའི་རིགས་པ་བཤད་ཟིན་པ། ཁྱོད་ཀྱི་མི་མཚུངས་པའི་སྒྲུབ་བྱེད་དུ་བསྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བླང་བ། སློབ་མ་གཞུག་ཅིང་དབང་བསྐུར་བ་གསུམ་འབྲེལ་ཆགས་སུ་ཆོ་ག་གཞན་གྱིས་བར་མ་ཆད་པ་དགོས་ན། སློབ་དཔོན་རིན་པོ་ཆེས་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་ཆོ་གའོ། །རྒྱས་པའི་སྦྱིན་སྲེག་བྱེད་ན། བར་འདིར་སྦྱིན་སྲེག་གི་ཆོ་ག་ལས་འབྱུང་བ་ལྟར་སྦྱིན་སྲེག་བྱའོ། །གལ་ཏེ་རབ་ཏུ་གནས་པ་བྱེད་པ་ཡིན་ཡང་དེའི་ཚེ་རབ་གནས་ཀྱི་སྟ་གོན་བྱའོ། །གལ་ཏེ་དཀྱིལ་འཁོར་ནུབ་གསུམ་པའི་ལུགས་སུ་བྱེད་ནའང་། དེའི་ནུབ་མོ་རབ་གནས་ཀྱི་སྟ་གོན་བྱས་ལ། ཕྱི་ཉིན་སྔ་དྲོ་རབ་གནས་ཀྱི་དངོས་གཞི་དང་རྒྱས་པའི་སྦྱིན་སྲེག་