R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༨བ
[A:༩༨བ]བྱས་ལ། དེའི་ནུབ་མོ་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའི་བར་དུ་བྱའོ། །གལ་ཏེ་རབ་ཏུ་གནས་པ་ལ་སོགས་པ་མི་བྱེད་དེ། དཀྱིལ་འཁོར་ནུབ་གསུམ་པར་ཡང་མི་བྱེད་ན། དེ་ལྟར་བསྒྲུབ་ཅིང་མཆོད་པའི་རྗེས་ལ་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བསྐུར་བར་བྱ་སྟེ། དེའི་ཆོ་ག་ནི་ཞེས་གསུངས་ན། རབ་གནས་སྦྱིན་སྲེག་སོགས་དང་། དཀྱིལ་འཁོར་ནུབ་གསུམ་པ་སོགས་ཀྱི་འཇུག་པ་མ་ཤར་བར། རང་ཉིད་ཀྱིས་བསྒྲུབ་མཆོད། བདག་འཇུག དབང་བསྐུར་གསུམ་བར་མ་ཆད་དུ་བྱས་པ་བློ་ཡུལ་དུ་བཞག་ནས། དབང་ཆུ་ཆེན་མོ་ཚར་གཅིག་ཀྱང་མ་བཀླགས་པར་ས་སྐྱ་པའི་བསྟན་འཛིན་དུ་ཁས་བླངས་ཏེ། འཆད་རྩོད་རྩོམ་གསུམ་གྱི་ཁུར་འཁུར་བ་ངོ་མཚར་ཆེའོ། །དེས་ན་རྗེ་ངོར་ཆེན་ཉིད་ནི་ལས་རྒྱུ་འབྲས་ལ་ཤིན་ཏུ་རྩི་བར་གྲགས་ན། འདི་ལྟ་བུའི་རྩིང་ཆོས་ལ་གྲུབ་པའི་མཐར་བྱས་ནས། བླ་མ་མཁས་པའི་ཕྱག་ལེན་མཐོང་བརྒྱུད་དུ་སྨྲ་ཞིང་། ཡི་གེ་རིས་སུ་བྲིས་པ་འདིས་རྗེ་ས་སྐྱ་པ་ཡབ་སྲས་ཀྱི་བསྟན་པ་འཇིག་ཅིང་། དད་ལྡན་མང་པོ་བསླུ་བ་དང་། ངོར་བ་ཆེན་པོའི་ཞབས་རི་རྩེ་ནས་དྲངས་པ་ཁོ་བོས་མཐོང་ངོ་། །རྡོ་རྗེ་སློབ་དཔོན་གྱི་དབང་གི་ཐད་དུ། རིགས་སྔགས་མཁན་པོ་ན་རེ། རྡོ་རྗེ་སློབ་དཔོན་གྱི་དབང་ལ་གྲངས་ངེས་མི་དགོས་པ་ཁོ་བོ་ཅག་གི་གྲུབ་པའི་མཐར་བྱས་པ་མེད་དེ་འོངས། གྲུབ་མཐར་མ་བྱས་ཀྱང་དགག་དགོས་ཀྱི་དབང་གིས་དེ་ལྟར་བྱས་པ་ཙམ་ལ་ལུང་རིགས་ཀྱི་གནོད་བྱེད་འཕེན་པ་ནི་མཁས་ལུགས་མ་ཡིན་ལ། ཞེས་དང་། རྡོ་རྗེ་སློབ་དཔོན་འཕྲིན་ལས་ཆུང་ངུ་ལ་སློབ་མ་ཉུང་ཤས་ལས་མེད་པ་དག་གིས་དེ་ལྟར་