[A:༩༩བ]བསྐུར་བྱ། །ཞེས་པའི་དོན་ཡིན་པར་བཤད་པ་དང་ནང་འགལ་ཞིང་། སློབ་དཔོན་རིན་པོ་ཆེའི་དབང་ཆུ་གཉིས་ཆར་ལས། རིགས་པའི་དབང་འདི་རྣམས་ལ་སློབ་དཔོན་མི་བསྐྱོད་པའི་རྣལ་འབྱོར་ཁོ་ནས་རུང་ངོ་ཞེས་གསུངས་པ་དེ་ཡང་། རྗེ་བཙུན་ཆེན་པོའི་གསུང་དེ་བཀག་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་བས་རྗེ་བཙུན་རང་ཉིད་ནང་འགལ་གསུངས་ཤིང་། སློབ་དཔོན་རིན་པོ་ཆེ་འགགས་པ་ཡིན་པར་ཁྱོད་ཀྱིས་འབད་བརྩོན་གྱིས་སྒྲུབས་ཤིག་ཅེས་དང་། འཁོར་གསུམ་ཡོངས་སུ་དག་པ་བཞིས་བྱིན་གྱིས་བརླབས་ཞེས་པའི་འཁོར་གསུམ་ནི། སློབ་དཔོན། སློབ་མ། དབང་རྫས་གསུམ་ཡིན་ལ། ཡོངས་དག་ནི། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་དང་བཞི་ཡིན་ཅིང་། དེ་ཡང་རྒྱས་བསྡུས་བཞི་ཡོད་པ་ལས། རྒྱས་པ་དཀྱིལ་འཁོར་ཡོངས་རྫོགས་ཁོ་ན་ལ་སྦྱོར་བ་གསུངས་པ་དང་། འབྲིང་པོ་ནི་ཇི་སྐད་བཤད་པ་བཞིན་ཡིན་ལ། བསྡུས་པ་དང་པོ་ནི། སེམས་བསྐྱེད་བྱིན་གྱིས་མི་རློབས་པར། སྐུ་གསུང་ཐུགས་བྱིན་གྱིས་རློབས་པ་དང་། དབང་མི་བསྐུར་བར་དབུ་རྒྱན་རང་ཆས་ཅན་བྱེད་པའི་ཡན་ལག་བཞི་དང་། བསྡུས་པ་ཕྱི་མ་ནི་དམ་ཚིག་སེམས་དཔའ་དབུ་རྒྱན་རང་ཆས་ཅན་སྐད་ཅིག་མས་བསྐྱེད་པ་རྣམས་ཡིན་པར་ལྗོན་ཤིང་ལས་བཤད་དོ། །དེ་ལྟ་ན་འགྲེལ་པ་ལུགས་ཀྱི་བརྟུལ་ཞུགས་དང་། སློབ་དཔོན་གྱི་དབང་གཉིས་ཀའི་དབང་རྫས་ལ་དྲངས་མ་ཐག་པའི་བསྐྱེད་ཆོག་འབྲིང་པོ་དེ་སྦྱར་བ་ཡིན་ཞིང་། མན་ངག་ལུགས་ཀྱི་དེ་གཉིས་ལ་བསྡུས་པ་ཕྱི་མ་དེ་སྦྱར་བ་ཡིན་ཏེ། ཞེས་སྒྲུབ་བྱེད་འགོད་པར་བྱེད་དོ། །ཡང་རྒོལ་བས་དྲངས་པའི་རྗེ་བཙུན་གྱི་ཡི་གེ་དེ་དང་། ཁོ་བོ་ཅག་གི་