R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠ན
[A:༡༠ན]ཞུས་ལན་འཚོལ་མོད་ཀྱི། །དེ་ནི་སྤྱིར་དུ་མདོ་སྔགས་ཀྱི། །ལམ་གྱི་འགྲོ་ཚུལ་བསྡུས་པ་ཙམ། །བསྟན་པ་ཡིན་གྱི་ཁྱད་པར་དུ། །གཞུང་བཞིན་དཀྲི་བའི་ཁྲིད་ཀྱི་རིམ། །ངེས་པར་བསྟན་པ་མ་ཡིན་ལ། །ཡིན་ན་སྣང་གསུམ་རྒྱུད་གསུམ་གྱི། །གོ་རིམ་ཚང་བར་སྟོན་དགོས་ལས། །ཐུན་མོང་མ་ཡིན་ཉམས་སྣང་དང་། །དག་པའི་སྣང་བའི་མིང་ཙམ་ཡང་། །བསྟན་པ་མེད་ཕྱིར་སྣང་གསུམ་གྱི། །སྣང་བ་ཕྱེད་གཉིས་ལས་མེད་པའི། །སྣང་གསུམ་བཤད་པ་ངོ་མཚར་ཞིང་། །དེར་རྗེས་ཕར་ཕྱིན་གཞུང་ལུགས་ཀྱི། །སྙིང་པོ་དོན་གྱི་མན་ངག་ནི། །འདི་དག་ཡིན་ཞེས་ངེས་བཟུང་ན། །ཐུན་མོང་ཡིན་པ་གང་གིས་བསྟན། །དེས་ན་ཁྱེད་རྣམས་བཞེད་པ་ཡི། །ཁྲིད་རིམ་ངེས་པར་ཞུས་ལན་དང་། །མཐུན་པར་འདོད་ན་དེ་ཉིད་ལས། །དབེན་པར་བསམ་གཏན་བསྒོམ་པ་ལ། བྱིས་དང་འགྲོགས་ན་མི་ཐོབ་པས། །སྐྱེ་བོ་དག་ལ་སྐྱོ་བསྒོམ་སྟེ། །འདི་ཡིས་དབེན་ཐོབ་ལོག་འཚོ་ནི། །སྤོངས་ཞེས་གསུངས་ན་དིང་སང་དུས། །ལམ་འབྲས་ཁྲོམ་བཤད་མཛད་པ་ཅི། །ཁྱད་པར་གསུང་ངག་རིན་པོ་ཆེའི། །མེད་མི་རུང་བའི་ཆོས་སྣ་རྣམས། །ཆབ་ཅིག་བསྡུས་པ་གླེགས་བམ་ཞེས། །རྗེ་བཙུན་ཆེན་པོའི་དཀར་ཆག་ཏུ། །གྲངས་ངེས་མཛད་པའི་གཞུང་བོར་ནས། །ཕྱིས་སུ་ལ་ལའི་ངོར་མཛད་པའི། །གདམས་ཡིག་ཙམ་ཞིག་གཙོར་བྱེད་པ། །འདི་ལ་དགོས་པ་ཅི་ཞིག་ཡོད། །དྲི་ཚིག་ལྔ་པ་འདི་སྐད་ལོ། །མདོར་ན་བྲ་སྟོན་ཞུས་ལན་དང་། །མཐུན་པའི་ཉམས་ལེན་ཁུང་མ་ཞིག །གངས་ཅན་འདི་ན་ཡོད་དམ་མེད། །ཡོད་ན་དེ་ཡིས་མཚན་གཞི་དྲི། །མེད་ན་ཚུལ་དེ་བཤད་པ་