R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠བ
[A:༡༠བ]ལ། །དགོས་པ་ཅི་ཞིག་ཡོད་དམ་དྲི། །ཞེས་དང་། དེ་སྐད་འདི་ནི་ས་སྐྱ་པའི། །རྗེ་བཙུན་རྣམས་ལ་རྨོངས་དད་ཙམ། །མིན་པར་ཤེས་ནས་དད་ཐོས་པའི། །སྡོམ་བརྩོན་རྣམས་ལ་དྲིས་པ་ཡིན། །ཟབ་དོན་རྟོག་གེའི་དུག་ཆུ་ཡིས། །ལོག་པར་འཆད་པའི་སྐྱེ་བོ་དང་། །རྒྱུད་དོན་སྣང་བ་དང་བྲལ་བའི། །ལམ་འབྲས་པ་ལ་ཅི་བྱ་ཡོད། །གང་ཞིག་འདི་ན་རི་དྭགས་ལྟེ་བ་ཡི། །དྲི་ཞིམ་དགྲ་བོར་འཛིན་པ་མིག་གིས་ཐོས། །ཀུན་རྨོངས་དུག་གིས་ངེས་པར་མྱོས་པ་དག །ཞི་དུལ་དམ་པའི་སྤྱོད་པས་དགེས་གྱུར་ཅིག །ཅེས་པ་ས་མོ་གླང་གི་ལོ་ཨེ་ཝྃ་གྱི་རི་ཁྲོད་ནས་བྲིས་ཤིང་བརྟག་པའི་རབ་ཏུ་བྱེད་པ་འདིས་ཀྱང་གསུང་ངག་རིན་པོ་ཆེའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག ཞེས་པ་ཟེར་མོད་དེ་ཡི་ལན། །མདོ་རྒྱུད་བསྟན་བཅོས་ལ་སོགས་ནས། །བཤད་པའི་ལམ་རིམ་ཐམས་ཅད་དང་། །མཐུན་པའི་ཉམས་ལེན་ཡོད་དགོས་ཤིང་། །མེད་ན་བཤད་པ་དོན་མེད་ཀྱི། །དམ་བཅའ་ཧ་ཅང་མ་ཐལ་ལམ། །དེས་ན་གཞུང་ཤིང་བཞི་པོ་ལས། །ཁྲིད་ཚུལ་ཉེར་བརྒྱད་ཉེར་དགུ་ཞེས། །གསུངས་པ་དེ་དག་རྣམས་དང་ནི། །མཐུན་པའི་ཉམས་ལེན་ཁུང་མ་ཞིག །གངས་ཅན་འདི་ན་ཡོད་དམ་མེད། །ཡོད་ན་དེ་ཡི་མཚན་གཞི་དྲི། །མེད་ན་ཚུལ་དེ་བཤད་པ་ལ། །དགོས་པ་ཅི་ཞིག་ཡོད་དམ་དྲི། །ཞེས་པ་བརྗོད་ན་ལན་ཅི་ཞིག །ལུང་རིགས་གཏན་ཚིགས་དང་བྲལ་བའི། །གཞན་ལ་བབས་བཅོལ་སྨྲ་བ་འདི། །སྐྱེས་བུ་རྫ་ཡི་ཁུར་ཐོགས་ནས། །རྡོ་བའི་གཡུལ་ངོར་འཇུག་པ་འདྲ། །དེ་དག་རང་དགའི་དྲི་ལན་དུ། །མདོར་བསྡུས་ཙམ་ཞིག་བརྗོད་པ་ཡིན། །གཞན་ཡང་ཁྱེད་རྣམས་