R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༡བ
[A:༡༠༡བ]པས་རང་རིགས་ཀྱིས་རྒྱས་བཏབ་པ་ཡང་ཡིན་ལ། རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་ཡང་ཡིན་པས་དོན་གཅིག་པ་ཡིན་ནོ་ཞེས་བྱ་བ་འདིས་ནི་ལེགས་པར་གྲུབ་པས་རྩོད་པའི་གཞི་ལྷའི་ལམ་ལ་དབང་པོའི་གཞུ་བཞིན་དུ་དེངས་པར་གྱུར་ཏོ། །ཕྱོགས་སྔ་མའི་རྗེས་སུ་ཟློས་པ་ཤེས་པ་ཡང་ངོ་མཚར་ཆེ་མོད། དེས་ཀྱང་ད་དུང་སྐབས་དོན་འགྲུབ་པ་མ་ཡིན་ཏེ། སྲས་དོན་མའི་རྒྱས་བཏབ་ནི། རྒྱས་བཏབ་རྫོགས་པའི་སྐབས་ལ་དགོངས་པས་འཕགས་པའི་ལུགས་ལྟར་བྱ་དགོས་ཏེ། སྙན་བརྒྱུད་ཀྱི་སྐབས་ཐ་དད་པ་ཡིན་པའི་ཕྱིར། མན་ངག་དང་ལྡན་པའི་བཤེས་གཉེན་ལ་གཏུགས་ཤིག བཟའ་བའི་དམ་ཚིག་གི་སྐབས་སུ་མང་དུ་སྨྲས་ནས། མདོར་ན་ཚོགས་འཁོར་མཚན་ཉིད་པ་དང་རྗེས་མཐུན་པར་འཇོག་པའི་རྒྱུ་མཚན་ནི། ཚིམ་པ་དྲུག་པ་དངོས་བྱར་ཡོད་མེད་ཀྱི་ཁྱད་པར་ལས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ལྟར་ཡིན་པ་དེའི་ཕྱིར། ལས་རྒྱ་ལ་བརྟེན་ནས་རྫོགས་རིམ་གྱི་ཡེ་ཤེས་དངོས་སུ་སྐྱེ་སྟེ། ལུས་སེམས་ལྷན་སྐྱེས་ཀྱི་བདེ་བས་ཚིམ་པར་བྱ་ནུས་པའི་རྣལ་འབྱོར་པ་ཁོ་ནས་ཚོགས་འཁོར་བྱ་བ་དང་། དེ་འདྲ་བའི་ནུས་པ་མེད་པས་ཞེས་མི་རུང་བའི་སྒྲུབ་བྱེད་འགོད་དོ། །དེ་ལ་འདི་འདྲི་བར་བྱ་སྟེ། ཁྱེད་ཀྱི་དབང་བསྐུར་བ་དེ་དབང་བསྐུར་མཚན་ཉིད་པ་ཡིན་ནམ། རྗེས་མཐུན་པ་ཡིན། མཚན་ཉིད་པ་ཡིན་ན་རབ་ཏུ་བྱུང་བས་དབང་བསྐུར་མཚན་ཉིད་པ་བྱར་རུང་བ་མ་ཡིན་ཏེ། དབང་བསྐུར་མཚན་ཉིད་པ་དང་། རྗེས་མཐུན་པར་འཇོག་པའི་རྒྱུ་མཚན་ནི། ལས་ཀྱི་ཕྱག་རྒྱའམ། ཚིམ་པ་དྲུག་པ་དངོས་བྱར་ཡོད་མེད་ཀྱི་ཁྱད་པར་ལས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ལྟར་ཡིན་པ་དེའི་ཕྱིར་ལས་རྒྱ་ལ་བརྟེན་ནས་རྫོགས་རིམ་གྱི་ཡེ་