R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༢ན
[A:༡༠༢ན]ཤེས་དངོས་སུ་སྐྱེས་ཏེ། ལུས་སེམས་ལྷན་སྐྱེས་ཀྱི་བདེ་བས་ཚིམ་པར་བྱ་ནུས་པའི་རྣལ་འབྱོར་པ་ཁོ་ནས་དབང་བསྐུར་བྱ་བ་དང་། དེ་འདྲ་བའི་ནུས་པ་མེད་ན་ཁྱིམ་པ་རྡོ་རྗེ་འཛིན་པ་ཡིན་ཡང་ཆགས་པའི་རྣམ་རྟོག་དང་བཅས་པའི་ཐ་མལ་བའི་འཛག་བདེ་ཡིན་གྱི། འགྱུར་མེད་ཀྱི་བདེ་བ་མ་ཡིན་པས་དབང་བསྐུར་མཚན་ཉིད་པ་བྱར་མེད་པ་དང་། རབ་བྱུང་རྡོ་རྗེ་འཛིན་པ་ནི་བཤད་མ་ཐག་པའི་ནུས་པ་དང་ལྡན་ཞིང་ཇི་ཙམ་དུ་བཟང་ཡང་བསྟན་པ་ལ་གཅེས་སྤྲས་བྱ་བའི་ཕྱིར། དེ་འདྲ་བའི་སྤྲོས་བཅས་ཀྱི་སྤྱོད་པ་མི་མཛད་པ་ཡིན་ནོ། །ད་ཅི་གསུངས། དེ་གཉིས་ལ་ཁྱད་པར་དུ་བྱ་བ་ཅི་ཡོད། ཚིམ་པ་དྲུག་པའི་ཐད་ཀྱི་བཤད་པ་རྣམས་དང་། ཁྱད་པར་དུ་དབང་གོང་མའི་ཐད་ཀྱི་བཤད་པ་རྣམས་ཅིའི་ཕྱིར་མི་མཚུངས། ཡང་ན་དབང་མཚན་ཉིད་པ་མེད་པར་ཁས་ལོངས་ཤིག དབང་མཚན་ཉིད་པ་དང་། རྗེས་མཐུན་པའི་ཐ་སྙད་གོང་མས་མ་བཤད་དོ་ཞེ་ན། ཚོགས་འཁོར་མཚན་ཉིད་པ་དང་། རྗེས་མཐུན་པའི་ཐ་སྙད་གོང་མས་གང་དུ་བཤད་སྨྲོས་ཤིག ད་ལྟ་དེ་ལྟ་བུའི་དབང་མཛད་པ་མེད་ཀྱང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་བསྐུར་བས་དབང་མཚན་ཉིད་པའི་གོ་ཆོད་དོ་ཞེ་ན། ད་ལྟ་དེ་ལྟ་བུའི་ཚོགས་འཁོར་མཚན་ཉིད་པ་མེད་ཀྱང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་ཚིམ་པ་དྲུག་པས་ཚོགས་འཁོར་མཚན་ཉིད་པའི་གོ་ཅིའི་ཕྱིར་མི་ཆོད། སེམས་རྣལ་དུ་ཕོབ་ཅིག གཞན་ཡང་རྫོགས་རིམ་གྱི་ཡེ་ཤེས་དངོས་སུ་རྟོགས་པ་འཕགས་པ་ཁོ་ན་ལ་ཡོད་པས། འཇིག་རྟེན་པའི་ལམ་མན་ཆད་དུ་དབང་དང་། ཚོགས་འཁོར་མཚན་ཉིད་པ་མེད་པར་ཁྱོད་ཁས་ལོངས་ཤིག ཡང་ཁྱོད་