R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༢བ
[A:༡༠༢བ]ཉམས་སུ་ལེན་པའི་ལམ་དེ། ལམ་མཚན་ཉིད་པའམ། རྗེས་མཐུན་པ་གང་ཡིན་ཞེས་གོང་བཞིན་སྦྱར་བས་མཚུངས་སོ། །གལ་ཏེ་ཕྱག་རྒྱ་ལ་བརྟེན་པ་མཚུངས་སུ་ཆུག་མོད། ཚོགས་འཁོར་གྱི་ཚེ་ཤ་ཆང་ལ་སོགས་པ་དངོས་སུ་ལོངས་སྤྱོད་དགོས་ན། དེ་ནི་རབ་ཏུ་བྱུང་བ་སྡོམ་བརྩོན་གྱི་སྤང་བྱ་ཡིན་པས་མི་རུང་ངོ་སྙམ་ན། འོ་ན་དབང་གི་ཚེ་མདའ་གཞུ་དང་། རལ་གྲི་ལ་སོགས་པ་དངོས་སུ་དབང་རྫས་ལ་དགོས་ན། དེ་ནི་རབ་ཏུ་བྱུང་བ་སྡོམ་བརྩོན་གྱི་སྤང་བྱ་ཡིན་པས་མི་རུང་ངོ་ཞེས་བརྗོད་ན་ལན་ཡོད་པ་མ་ཡིན་ཏེ་རྣམ་པ་ཀུན་ཏུ་མཚུངས་སོ། །ཡང་ཚོགས་འཁོར་བྱ་བའི་དུས་རང་རྒྱུད་ལ་ཡེ་ཤེས་རྒྱས་པའི་ཐབས་སུ་ལྐོག་ཏུ་བྱ་བ་དང་། གདུལ་བྱ་མ་དད་པ་བཟློག་པའི་ཕྱིར་དངོས་སུ་བྱ་བ་གཉིས་ལས་མ་འདས་ཟེར་བ་ནི་མ་བརྟགས་པའི་སྨྲ་བ་སྟེ། འཆི་བའི་ཚེ་འམ་མུ་གེ་འམ། །ཕས་ཀྱི་འཁོར་ལོའི་གནོད་པ་དང་། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང་། །ཆགས་མེད་པ་དང་ཞི་བ་དང་། །སྔགས་དང་བསྒོམ་པར་ལྡན་པ་ཡི། །གང་ཟག་བདག་ནི་རྟག་རོལ་པ། །དེ་ཡི་མདུན་ན་ང་འདུག་སྟེ། །དེ་ནི་རྫུན་དུ་མི་འགྱུར་རོ། །ཞེས་གསུངས་པའང་མ་མཐོང་བར་ཟད་དོ། །རབ་ཏུ་བྱུང་བས་ཚོགས་འཁོར་གྱི་ཚེ་དམ་ཚིག་གི་རྫས་མ་བརྟེན་པས་ལྟུང་བ་འབྱུང་ཞེས་བརྗོད་པ་ལ། ཀླུ་སྒྲུབ་ནས་ཆོས་རྗེ་པའི་བར་རྩ་ལྟུང་ཅན་དུ་ཐལ་ཟེར་རོ། །རྩ་ལྟུང་འཁྲུལ་སྤོང་ལས། ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་བཤེས་གཉེན་མོས་པ་དམ་ཚིག་གི་རྫས་དང་འཕྲད་པའི་ཚེ་སྐྱུག་བྲོ་བའམ། མི་གཙང་བ་ལ་སོགས་པའི་བསམ་པས་སྤངས་སམ། ཡང་རབ་ཏུ་