R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༣ན
[A:༡༠༣ན]བྱུང་བ་ལ་སོགས་པ་བསླབ་པས་བཅིངས་ནས་ཆང་མི་འཐུང་བ་དང་། ཕྱི་དྲོའི་ཁ་ཟས་བསྟེན་མི་རུང་བས་ལྟུང་བ་བྱུང་དུ་དོགས་པའི་བསམ་པས་མི་བསྟེན་པའོ། །ཡང་ཁ་ཅིག་ནི་ཚུལ་འཆོས་པའི་བསམ་པས་མི་བསྟེན་པའང་མཐོང་སྟེ། འདི་ནི་ཆེས་སྨད་པར་བྱ་བའི་གནས་སོ། །ཞེས་གསུངས་ན། ཁྱེད་ཀྱི་ཀླུ་སྒྲུབ་དང་། ཆོས་རྗེ་པ་སོགས་ཀྱི་སྡོམ་བརྩོན་ཐམས་ཅད་རྩ་ལྟུང་ཅན་དུ་སྒྲུབས་ཤིག ཡང་ན་ཆོས་རྗེ་པས་རྗེ་བཙུན་གྱི་གསུང་དེ་དག་མ་གཟིགས་པའམ། གཟིགས་ཀྱང་ཞལ་གྱིས་མི་བཞེས་པའམ་བཞེས་ཀྱང་རྣལ་འབྱོར་དབང་ཕྱུག་གི་གདམ་ངག་མ་ཡིན་པར་ཁས་ལོངས་ཤིག ཡང་རིགས་སྔགས་མཁན་པོ་ན་རེ། ཚོགས་ཀྱི་འཁོར་ལོ་རྣལ་འབྱོར་པས་བྱ་དགོས་པའི་ལུང་། རབ་ཏུ་བྱུང་བས་བྱ་མི་རུང་བའི་ལུང་། ཚོགས་རྫས་ཀྱི་ཤ་ཆང་རྒྱུད་སྡེ་ལས་བཤད་པ་དགོས་པའི་ལུང་། དང་པོ་ནི་ཚོགས་ཀྱི་འཁོར་ལོ་བྱེད་པ་ལ་རྣལ་འབྱོར་པ་ནུས་པ་ཅན་དགོས་པར་གང་ལས་ཤེས་ཤེ་ན། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པར། འདིར་བྱིས་པ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་དེ། དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས། བདུད་རྩི་ལྔ་ལ་སོགས་པ་རྣམས་བཟའ་བར་གསུངས་པ་དེ་ནི་བདེན་ཏེ། འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱི་ཡིན་གྱི། ཐ་མལ་པའི་སེམས་ཅན་རྣམས་ཀྱི་ནི་མ་ཡིན་ནོ། །གང་དག་གི་སྔགས་ཀྱི་སྟོབས་སམ། བསམ་གཏན་གྱི་སྟོབས་ཀྱིས་སྦྱངས་པ་བྱས་པ་དང་། རྟོགས་པ་བྱས་པ་དང་། རབ་ཏུ་སྦར་བར་བྱས་པ་དང་། དག་པ་རྣམས་ནི་དུག་མེད་པར་འགྱུར་བ་དང་། ཆང་རྣམས་ནི་འོ་མར་འགྱུར་བ་དང་། ཞེས་