R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༥ན
[A:༡༠༥ན]རྒྱས་མཆོད་པའི་བསོད་ནམས་ཐོབ་པར་མདོ་རྒྱུད་གཉིས་ཀ་ནས་གསུངས་ཏེ། ཞེས་སོགས་ལུང་དང་བཅས་ནས་སངས་རྒྱས་པར་གསུངས་སོ། །གཞན་ཡང་གསང་སྔགས་ཀྱི་ལྟ་བ་དང་། སྒོམ་པ། སྤྱོད་པ་ཐམས་ཅད་དངོས་པོ་སྟོབས་ཤུགས་ཀྱི་རིགས་པས་གྲུབ་བོ་ཞེས་ཁོ་བོའི་བླ་མ་རྡོ་རྗེ་འཆང་ཆེན་པོས་གསུངས་སོ་ཞེས་དང་། རྗེ་བཙུན་གྱི་ཞལ་ནས། མིང་གི་དོན་ལ་གྲོགས་དང་། མངོན་པར་རྟོགས་པ་ལྷའི་རྣལ་འབྱོར་དང་། དགོས་པས་ཕྱེ་ན་བརྒྱད་ཅེས་དང་། དེ་དག་ཀྱང་མངོན་པར་རྟོགས་པ་གཅིག་ཡིན་པས། སྤྱི་དོན་གཉིས་པ་ཆོ་ག་ལ་དྲུག་སྟེ་ཞེས་དང་། གང་ལྟར་ཡང་རུང་སྟེ། ཚིམ་པ་དྲུག་པར་ནི་ཐམས་ཅད་འདུས་པས་ན། ཞེས་ལུང་དང་བཅས་ནས་མང་དུ་གསུངས་སོ། །གལ་ཏེ་དེ་དག་བརྟན་པ་ཐོབ་པས་ཡིན་གྱི། ལས་དང་པོ་པས་མིན་ནོ་སྙམ་ན། སྔར་བཤད་པ་དེ་དག་གི་སྐབས་ལ་དཔྱད་པས་ཤེས་མོད། རྗེ་བཙུན་གྱི་ཞལ་ནས། ལས་དང་པོ་པས་ཇི་ལྟར་བསྲུང་བ། དྲོད་ཆུང་ཐོབ་ནས་ཇི་ལྟར་བསྲུང་བ། ཆེན་པོ་ཐོབ་ནས་ཇི་ལྟར་བསྲུང་བའོ། །དང་པོ་ལ་སྲུང་ཚུལ་བསྟན་པ་དང་། ཉམས་ན་ཕྱིར་བཅོས་པའི་ཐབས་སོ། །དང་པོ་སྲུང་བའི་དམ་ཚིག བཟའ་བའི་དམ་ཚིག་ཅེས་དང་། བཟའ་བའི་དམ་ཚིག་ལ་རྒྱུན་དང་། ཞར་གྱི་བཟའ་བའི་དམ་ཚིག ཁྱད་པར་གྱི་བཟའ་བའི་དམ་ཚིག་ནི་ཚོགས་འཁོར་ཏེ། དེ་ལ་གཉིས། མིང་གི་དོན་དང་། ཆོ་གའོ་ཞེས་སོ། །དེ་ལྟ་བས་ན་ས་སྐྱ་པའི་སྙན་བརྒྱུད་འཛིན་བཞིན་དུ་རང་དགར་སྨྲས་པས་སྙན་བརྒྱུད་མ་སྒྲིབ་པར་གོང་མའི་དགོངས་པ་སྐོང་བ་ལ་བརྩོན་པར་གྱིས་ཤིག ཆོས་ཀྱི་རྒྱལ་པོ་འཕགས་པའི་