R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༧ན
[A:༡༠༧ན]དང་། དེའི་ལན་བཤད་པ་གཉིས། དང་པོ་ནི། རྡོ་རྗེ་གདན་པ་ཆེན་པོ་དེ་ཉིད་ཀྱིས་མཛད་པའི་ཚོགས་ཀྱི་འཁོར་ལོའི་རྣམ་གཞག་གྲུབ་པའི་དགའ་སྟོན་ཞེས་བྱ་བ་ལས། ཚོགས་ཀྱི་འཁོར་ལོ་བསྟེན་དགོས་པ། མ་བསྟེན་པའི་ཉེས་དམིགས། བསྟེན་ཚུལ་དངོས་དང་གསུམ་དུ་མཛད་ནས། གསུམ་པ་བསྟེན་ཚུལ་དངོས་ལ། བསྟེན་ཚུལ་ལ་ལོག་པར་རྟོག་པ་དགག་པ། ཡང་དག་པའི་བརྟེན་ཚུལ་བཤད་པ། དོན་བསྡུས་ཏེ་བསྟན་པ་གསུམ་གྱི། དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས་ཀྱི། དང་པོ་ནི། དིང་སང་གི་དུས་འདིར་རྡོ་རྗེ་སློབ་དཔོན་རྫས་ལ་རྐམ་པ་དང་། ལོངས་སྤྱོད་ལ་ཆགས་པ་འགས། རང་གི་རྙེད་བཀུར་གྱི་ཆེད་དུ་སྣོད་ཀྱི་སྐྱོན་ཡོན་མ་བརྟགས་པ་ཐེག་པ་ཆེས་དམན་པའི་རིགས་ཅན་ལ་དབང་བཞི་བསྐུར་ཏེ། ཟབ་མོའི་གནས་རྣམས་བསྟན་པ་ལས། ཕྱིས་དེ་དག་རང་གི་གོམས་པའི་བློས་བརྟགས་པ་ན་ཉམས་ལེན་དམན་པ་ཉིད་མཆོག་ཏུ་མཐོང་སྟེ། གོང་མ་རྣམས་དེའི་ཕྱོགས་སུ་མ་སྨོན་པར་བྱེད་པ། དཔེར་ན་ཚོགས་ཀྱི་འཁོར་ལོ་བསྟེན་དུ་རུང་མི་རུང་སོ་ཐར་གྱི་འདུལ་བའི་ངོས་ནས་འཇོག་པ་བཞིན་ནོ། །དེས་ནི་འདོད་ཡོན་བསྟེན་པ་ལམ་དུ་བྱེད་པ་རྡོ་རྗེ་ཐེག་པ་ལས། འདོད་ཡོན་སྤོང་བ་ལམ་དུ་བྱེད་པ་ཐེག་པ་གཞན་ཁྱད་དུ་འཕགས་པ་རང་དོན་གྱི་འདོད་པས་གང་ཟག་དེ་ནི་སྔགས་ལམ་སྤངས་པའི་སྔགས་པ་སྟེ་ནོར་གྱིས་འཕོངས་པའི་ཕྱུག་པོ་བཞིན་ནོ། །དེས་ན་དེ་ལྟ་བུ་རྗེས་འབྲང་དང་བཅས་པས་ལྟ་བ་ཚོགས་ཀྱི་འཁོར་ལོ་ཉིད་སྔགས་པ་ངན་འགྲོར་འཇུག་པའི་སྒོར་བསམ་པ་ནི། ལྟུང་བ་ཅན་རྣམས་ལྟུང་མེད་དུ་བསྒོམ་ཞིང་། ལྟུང་མེད་རྣམས་ལྟུང་བ་ལ་སྦྱོར་