R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༧བ
[A:༡༠༧བ]བའི་རྒྱུ་མཐར་ཐུག་པ་ཡིན་ལ། དེས་ན་གོང་གི་ཕན་ཡོན་ཉེས་དམིགས་བཤད་པ་རྣམས་ཀྱིས་བླང་དོར་ཕྱིན་ཅི་ལོག་ཏུ་འགྱུར་བས་ཕྱོགས་དེ་ལ་རིམས་ནད་བཞིན་དུ་འཛེམ་པར་བྱའོ། །ཞེས་བྱ་བ་བྲིས་སོ། །གཉིས་པ་དེའི་ལན་བཤད་པ་ནི། འདི་དག་ནི་ཕྱོགས་སྔའི་ནམ་མ་ལང་པར་དགག་པའི་ཉི་མ་ཤར་བ་ཞེས་པའམ། ཕྱོགས་སྔ་གཞི་མེད་ལ་སྨྱོན་གཏམ་གདུང་བའི་ངལ་བ་འབའ་ཞིག་ཏུ་ཟད་དེ། འདི་ལྟར་དེ་ཉིད་དུ་ཚོགས་ཀྱི་འཁོར་ལོ་བསྟེན་དུ་རུང་མི་རུང་སོ་ཐར་གྱི་འདུལ་བའི་ངོས་ནས་འཇོག་པ་བཞིན་ནོ། །ཞེས་པ་འདི་ཡང་སྨྱོན་གཏམ་དུ་སྣང་སྟེ། ཚོགས་ཀྱི་འཁོར་ལོ་ཙམ་གྱི་རྫས་སུ་བསྟེན་དུ་རུང་མི་རུང་སོ་ཐར་འདུལ་བའི་ངོས་ནས་འཇོག་པར་ཁས་ལེན་པ་མེད་པའི་ཕྱིར། འོན་ཀྱང་གང་ཟག་གི་རིགས་ལ་ལྟོས་པའི་དབྱེ་བ་ཡོད་དེ། སྡོམ་བརྩོན་རྡོ་རྗེ་འཛིན་རྣམས་ཀྱི་ལུགས་དང་། དེ་ལས་གཞན་པའི་རྣལ་འབྱོར་རྣམས་ཀྱི་ཚོགས་ཀྱི་འཁོར་ལོའི་དབྱེ་བ་རྗེ་བཙུན་ས་པཎ་གྱིས་གསུངས་པ་ལྟར་ངེད་ཀྱི་བླ་མ་རྣམས་ཀྱང་བཞེད་པའི་ཕྱིར། འདི་ཙམ་གྱིས་ཚོགས་ཀྱི་འཁོར་ལོ་ཐམས་ཅད་སོ་ཐར་འདུལ་བའི་ངོས་ནས་འཇོག་གོ་ཞེས་སྙོན་ཀྱང་། ཚོགས་འཁོར་སོ་ཐར་གྱི་བསླབ་བྱ་དང་བསྟུན་ནས་འཇོག་ཅེས་ཁས་ལེན་དགོས་པར་འགྱུར་ཏེ། ཉིད་ཀྱི་ལུང་དེ་ཉིད་དུ་ས་པཎ་གྱི་གསུང་དང་འགལ་བའི་རྩོད་སྤོང་གི་སྐབས་སུ། འདི་ཉིད་ནི་སོ་ཐར་ལ་བསྟུན་པ་ཆེ་ཆུང་གི་སྒོ་ནས་བཞག་སྟེ་ཞེས་བྲིས་པའི་ཕྱིར། གཞན་ཡང་ཁྱེད་རང་རྣམས་རྡོ་རྗེ་ཐེག་པ་བ་ཡིན་པའི་རྒྱུ་མཚན་གྱིས་ཉམས་ཀྱི་བསླབ་པ་དང་བསྟུན་མི་དགོས་ན་ཁྱེད་རྣམས་ཐམས་ཅད་ཧེ་རུ་ཀའི་ཆས་ལ་སོགས་པ་རྡོ་རྗེ་ཐེག་པའི་ཆ་ལུགས་ཉིད་མི་བྱེད་པར་རབ་ཏུ་