R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༨ན
[A:༡༠༨ན]བྱུང་བའི་ཆ་ལུགས་བཟུང་ནས་ཅི་ཞིག་བགྱིད་ལེགས་པར་སོམས་ཤིག ཡང་ལུགས་དེ་ཉིད་དུ། སྣོད་ཀྱི་སྐྱོན་ཡོན་མ་བརྟགས་པར་ཐེག་པ་ཆེས་དམན་པའི་རིགས་ཅན་ལ་དབང་བཞི་བསྐུར་ཏེ་ཟབ་མོའི་གནས་རྣམས་བསྟན་པ་ལས། ཞེས་པ་འདི་ཡང་རྡོ་རྗེ་ཐེག་པར་མ་ཟད་དམ་པའི་ཆོས་སྟོན་པ་ཐམས་ཅད་ལ་སྣོད་ཀྱི་སྐྱོན་ཡོན་བརྟག་དགོས་པ་ཤིན་ཏུ་ཡིན་ཀྱང་། ཁྱེད་ཀྱི་ལུགས་ལྟར་ན་གངས་ཁྲོད་ཀྱི་སྐྱེ་བོ་ཐམས་ཅད་རྡོ་རྗེ་ཐེག་པའི་སྣོད་ལྡན་དུ་གཟིགས་པར་སེམས་ཏེ། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་ལེན་དང་། སྔགས་དང་ཕྱག་རྒྱ་དང་། གར་ལ་སོགས་པ་སྣོད་མིན་ལ་གསང་དགོས་པ་རྣམས་སྐྱེ་བོ་ཐམས་ཅད་འདུས་པའི་སར་འཇིག་རྟེན་པའི་གླུ་གར་དང་ཁྱད་མེད་ཀྱི་ཚུལ་དུ་མཛད་པར་སྣང་བས་སོ། །ཡང་དེ་ཉིད་དུ་དེ་ནི་འདོད་ཡོན་བསྟེན་པ་ལམ་དུ་བྱེད་པ་རྡོ་རྗེ་ཐེག་པ་ལས་འདོད་ཡོན་སྤོང་བ་ལམ་དུ་བྱེད་པ་ཐེག་པ་གཞན་ཁྱད་པར་དུ་འཕགས་པར་ཡང་དོན་གྱིས་འདོད་པས་ཞེས་བྲིས་པ་ཡང་སྨྱོན་གཏམ་ཡིན་ཏེ། གང་ཟག་གི་རིགས་མ་ཕྱེ་བ་སྤྱི་བཏང་ཙམ་ནས་དེ་ལྟར་འདོད་པ་པོ་སུ་ཡང་མེད་པའི་ཕྱིར། གང་ཟག་གི་རིགས་ལ་ལྟོས་ན་རྡོ་རྗེ་ཐེག་པ་ཉིད་ཁྱད་པར་འཕགས་པའི་ངེས་པ་མེད་དེ། ཐེག་པ་དམན་པའི་རིགས་ཅན་རྣམས་ལ་ཐེག་དམན་གྱི་ཆོས་ཁོ་ན་ཟབ་པ་སོགས་རང་རང་གི་སྐལ་བ་དང་འཚམས་པའི་ཆོས་དེ་ཁྱད་པར་དུ་འཕགས་པའི་ཕྱིར། ནད་དང་སྨན་གྱི་དཔེ་དང་མཚུངས་པའི་ཕྱིར་ཏེ། ཀླུ་སྒྲུབ་ཀྱིས། ཇི་ལྟར་ནད་པ་ན་བ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ། །ཞེས་