R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༨བ
[A:༡༠༨བ]གསུངས་པའི་ཕྱིར། དེ་ལ་གཞན་དུ་ན་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཆོས་ཀྱི་རྣམ་གྲངས་མང་དུ་གསུངས་ནས་ཅི་ཞིག་བྱེད། རྡོ་རྗེ་ཐེག་པ་ཁོ་ན་ཅིའི་ཕྱིར་མི་གསུངས། ཡང་ལུང་དེ་ཉིད་དུ། དེ་ལྟ་བུ་རྗེས་འབྲང་དང་བཅས་པས་ལྟ་བ་ཚོགས་ཀྱི་འཁོར་ལོ་ཉིད་སྔགས་པ་ངན་འགྲོར་འཇུག་པའི་སྒོར་བསམ་པ་ནི་ཞེས་སོགས་ཀྱང་སྔ་མ་དང་མཚུངས་ཏེ། དེ་ལྟར་འདོད་མཁན་སུ་ཡང་མེད་པའི་ཕྱིར་རོ། །གལ་ཏེ་ཁོ་ན་རེ། དེ་ལྟར་ངོར་པ་ཁྱོད་ཀྱིས་འདོད་དེ། སྡོམ་བརྩོན་རྣམས་ཀྱི་ཚོགས་འཁོར་གྱི་སྐབས་སུ་ཤ་ཆང་སོགས་ལ་ལོངས་སྤྱོད་པའི་དབང་གིས་ལྟུང་བས་གོས་ཏེ་ངན་སོང་དུ་སྐྱེ་བ་ཡོད་པར་ཁས་བླངས་པས་སོ་ཞེ་ན། འོ་ན་སྔགས་ཀྱི་དབང་བསྐུར་བ་ཡང་སྔགས་པ་ངན་སོང་དུ་སྐྱེ་བའི་སྒོ་ཡིན་པར་ཐལ། དབང་བསྐུར་བ་ལ་བརྟེན་ནས་སྔགས་སྡོམ་ཐོབ་པའི་གང་ཟག་རྩ་ལྟུང་གི་དབང་གིས་ངན་སོང་དུ་སྐྱེ་བ་ཡོད་པའི་ཕྱིར། དེ་སོགས་མཐའ་ཡས་པ་སྤྲོ་བར་བྱའོ། །དེས་ན་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྐབས་རྣམས་སུ་སྤྱོད་པ་ཞིབ་མོར་བྱེད་པ་རྣམས་ལྟུང་བ་ཅན་རྣམས་ལྟུང་མེད་དུ་རློམ་ཞིང་། ལྟུང་མེད་རྣམས་ལྟུང་བ་ལ་སྦྱོར་བའི་རྒྱུ་མཐར་ཐུག་ཡིན་ནམ། གསང་སྔགས་ལ་ཁ་བཏགས་ནས་སྤྱོད་པ་ལ་ཆོལ་པོར་བྱེད་པ་རྣམས། རྩིང་སྤྱོད་ལ་ཞིབ་སྤྱོད་དུ་རློམ་ཞིང་། ཞིབ་སྤྱོད་དྭང་དུ་ལེན་པ་རྣམས་རྩིང་སྤྱོད་ལ་སྦྱོར་བའི་རྒྱུ་མཐར་ཐུག་པ་ཡིན། ཤེས་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་དཔྱད་འཚལ་ལོ། །གཉིས་པ་རྒྱས་པར་དགག་པའི་ལན་བཤད་པ་ལ། དགག་པའི་ལུང་དྲངས་པ་དང་། དེའི་ལན་བཤད་པ་གཉིས། དང་པོ་ནི། ལུང་དེ་ཉིད་ལས། གཉིས་པ་རྒྱས་པར་དགག་